ཨ་ལོ་དང་འབྲེལ་བའི་ ཉེས་ལས་འཐབ་མི་ཚུ་ལུ་ ཉེན་སྲུང་གི་ ཉོགས་མེད་བྱིན་ནི་མེད་པའི་གྲོས་འདེབས།

༉ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ བྱུང་རྐྱེན་དང་ ནད་གཡོག་རྒྱུག་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་ལུ་བརྟེན་ འཛིན་བཟུང་འབད་མི་ སློབ་གྲྭའི་དབུ་འཛིན་ཅིག་དང་ དྲན་ཉམས་སྨན་ལག་ལེན་འཐབ་མི་ གསོ་བའི་འཕྲུལ་ལསཔ་ཅིག་གི་ བྱ་སྤྱོད་ལུ་ དམའ་ཕབ་རྐྱབ་དང་གཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྩོན་དཔོན་ཡོངས་ཁྱབ་ལུ་ རྩོད་དོན་གཉིས་ཆ་ར་ ཞིབ་དཔྱད་མཐིར་ཕྱིན་ཐོག་ ཉེས་བཤེར་འབད་ཞིནམ་ལས་ ཉེས་ཁྲིམས་ལྕི་ཤོས་བཀལ་དགོ་པའི་ བཀའ་རྒྱ་གནང་ནུག།

ད་རུང་ བློན་ཆེན་གྱིས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་གྱི་ ལམ་སྟོན་ཚུ་ལུ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་དེ་ ལམ་ལུགས་དམ་སྒྲིང་བཟོ་སྟེ་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།

གནད་དོན་དེ་ཚུ་གི་སྐོར་ལས་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ བརྡ་བརྒྱུདཔ་དང་ འཕྱད་ནིའི་ལས་རིམ་སྐབས་ གསུངས་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ དབང་བཙོང་འདོད་སྤྱོད་དང་ ལུས་འབྲེལ་ལུ་བརྟེན་པའི་ གནོད་འཚེ་དང་ དམིགས་བསལ་དུ་ ཨ་ལོ་དང་ ལོ་ན་མ་སྨིན་པའི་ བུམོ་ཚུ་ལུ་ འདོད་དབང་བཙོང་མི་དང་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་བའི་ ཉེས་ཁྲིམས་ཕོག་མི་ མི་དེ་ལུ་ ལཱ་ག་ཅི་ནང་ཨིན་རུང་ ཁོ་རའི་མི་ཚེ་ནང་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ བྱིན་ནི་མེདཔ་ བཟོ་དགོ་ཟེར་ཨིན་པས།

འདི་བཟུམ་མའི་ ཉེས་ལས་འཐབ་མི་ཚུ་ལུ་ གཞུང་དང་ ལས་འཛིན་ སྒེར་སྡེ་ག་ཅི་ནང་འབད་རུང་ ཨ་ལོ་ཚུ་དང་ ལཱ་འབད་དགོཔ་ཨིན་པ་ཅིན་ ཉེན་སྲུང་ལག་ཁྱེར་ རྩ་ལས་ར་ བྱིན་ནི་མི་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཁོང་གིས་ ལམ་སྟོན་ཁྲིམས་ཡིག་དང་འཁྲིལ་ ཉོགས་མེད་ལག་ཁྱེར་ འཐོབ་ནི་ཨིན་རུང་ ཨ་ལོ་དང་འབྲེལ་བ་ཡོད་པའི་ ལཱ་ཚུ་གི་ཐད་ལུ་ལྷོདཔ་ད་ སློབ་གྲྭ་ནང་ཨིན་རུང་ སྨན་ཁང་ ཡང་ཅིན་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་ནང་འབད་རུང་དྲག་ ཉོགས་མེད་ལག་ཁྱེར་འཐོབ་ནི་མེདཔ་ བཟོ་དགོ་ཟེར་གསུངས་ཡི།

བློ་ཆེན་གྱིས་ གསུངས་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉོགས་མེད་ལག་ཁྱེར་གྱི་ བྱ་བའི་གནད་སྤྱོད་ དམ་སྒྲིང་བཟོ་སྟེ་ ཉེས་ཁྲིམས་ཕོག་མིའི་གུ་ ཉེན་སྲུང་ཉོགས་མེད་ལག་ཁྱེར་དེ་ ཚེ་ཚེའི་རིང་ འཐོབ་མ་ཚུགསཔ་ བཟོ་དགོ་པའི་ གྲོས་འཆར་བཙུགས་དགོ་ཟེར་ཨིན་པས།

ལས་གཡོགཔ་ཚུ་གིས་ ཀུན་སྤྱོད་རྣམ་གཞག་ལས་འདས་པའི་ བྱ་ངན་འཐབ་མི་ དབུ་འཛིན་འོག་མ་དང་ གསོ་བའི་འཕྲུལ་ལསཔ་གི་ ཉེས་འཛུགས་ཐད་ཁར་ ཁྲིམས་ཀྱི་འདུན་སར་ ཉེས་ཁྲིམས་ག་དེ་མང་མང་ བཀལ་དགོ་པའི་ ཞུ་གཏུགས་འབད་དགོ་ཟེར་ བློན་ཆེན་གྱིས་ གསུངསམ་མ་ཚད་ གནད་དོན་དེ་གི་སྐོར་ ལྷན་རྒྱས་གཞུང་ཚོགས་ནང་ཡང་ གསུང་གྲོས་གནང་ཡི་ཟེར་ཨིན་པས།

ཐིམ་ཕུག་སྦྱིས་མེད་ནང་ སྒེར་གྱི་ཕན་བདེ་སློབ་གྲྭ་ཅིག་ནང་ སློབ་སྟོན་འབད་མི་ དབུ་འཛིན་འོག་མ་དེ་ སྤྱི་ཟླ་༤ པའི་ཚེས་༦ ལུ་ འཛིན་བཟུང་འབད་མི་དེ་ཡང་ ཁོ་གིས་ སྐྱེས་ལོ་༡༡ ལས་༡༥ འི་བར་ན་འབད་མི་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ དོགས་པ་ལུ་བརྟེན་ཨིནམ་ད་ ན་ཧིང་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ གནས་ཐོ་དང་འཁྲིལཝ་ད་ དོགས་པ་ཅན་དེ་ སྤྱི་ལོ་༢༠༠༤ ལུ་ བཀྲིས་སྒང་ལུ་ ལོ་ན་མ་སྨིན་པའི་ བུམོ་ཅིག་དང་ ཁྲིམས་འགལ་ཐོག་ འབྲེལ་བ་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ ཕོག་ཡོདཔ་ཨིན་པས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་འཕྲུལ་ལསཔ་གིས་ སྤྱི་ཟླ་༤ པའི་ཚེས་༥ ལུ་ སྨན་ཁང་ནང་ ནད་གཡོག་རྒྱུག་མི་ སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་དེ་ལུ་ དྲན་ཉམས་སྨན་ཁབ་བཙུགས་ཏེ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ཨིན་པས།

བྱུང་རྐྱེན་གྱི་ཤུལ་ལས་ བློན་ཆེན་གྱིས་ སྦྱིས་མེད་ནང་སློབ་གྲྭ་ནང་བྱོན་ཏེ་ སློབ་ཕྲུག་དང་ སློབ་དཔོན་ དེ་ལས་ ཉམས་རྒུདཔ་བྱུང་མི་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཉམས་རྒུད་བྱུང་མི་ ཆ་མཉམ་ལུ་ རྒྱབ་སྐྱོར་ཧྲིལ་བུ་གནང་འོང་ཟེར་ཨིན་པས།

འབྲེལ་ཡོད་དབང་འཛིན་ཚུ་གིས་ ད་ལྟོའི་ རྩོད་དོན་གཉིས་ལུ་རྐྱངམ་གཅིག་མེན་པར་ དེ་ལས་བརྒལ་ཏེ་ ཞིབ་དཔྱད་རྐྱབ་དགོ་མི་དེ་ཡང་ བྱུང་རྐྱེན་དེ་ སློབ་གྲྭ་ཅིག་དང་ སྨན་ཁང་ཅིག་ནང་ བྱུང་ནི་དེ་གིས་ཨིན་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།

དེ་སྦེ་ ཞིབ་དཔྱད་རྐྱབ་དགོ་མི་དེ་ཡང་ ང་བཅས་རའི་ སློབ་ཕྲུག་ཚུ་གི་ ཉེན་སྲུང་གི་དོན་ལུ་ཨིནམ་མ་ཚད་ སློབ་དཔོན་སྟོང་ཕྲག་ལས་བཅད་དེ་ཡོད་མི་ཚུ་གིས་ ཉིན་ནུམ་མེད་པར་ ལཱ་འབད་དོ་ཡོདཔ་ལས་ ཁོང་གི་ མིང་གཏམ་བདག་སྲུང་འབད་ནི་དེ་ཡང་ གལ་ཆེ་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སློབ་དཔོན་གཅིག་དང་གཉིས་ཀྱི་གཞོར་ལས་ སློབ་དཔོན་ཆ་མཉམ་གྱི་ མིང་གཏམ་མེདཔ་གཏང་ནི་དེ་་ ལེགས་ཤོམ་མེནམ་ལས་ བྱ་ཅན་འཐབ་མི་ཚུ་ལུ་ སློབ་ཕྲུག་དང་ མི་སྡེ་ དེ་ལས་ སློབ་དཔོན་གཞན་ཚུ་གི་ མཐའ་དོན་ལུ་ འགན་འཁྲི་ཧྲིལ་བུ་ བཀལ་དགོ་ཟེར་ཨིན་པས།

དེ་མ་ཚད་ བློན་ཆེན་གྱིས་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ གྲོས་བསྟུན་འབད་དེ་ ཨམ་སྲུ་དང་ ཨ་ལོའི་ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་གི་སྐོར་ལས་ མཁས་མཆོག་ཡོད་མི་ ཁྲིམས་རྩོདཔ་བཙུགས་དགོ་པའི་ འོས་འབབ་བལྟ་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

ད་ལྟོའི་ ལམ་ལུགས་ནང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་ཞིནམ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫོང་ཁག་ཁྲིམས་འདུན་ཚུ་ནང་ ཉེས་བཤེར་འབདཝ་བཞིན་དུ་ ཁྲིམས་འདུན་ལས་ འཁྲུན་ཆོད་གནང་མི་ལུ་ རྩ་ཕན་ཚུ་གིས་ ངོས་ལེན་འབད་དེ་ མཐོ་གཏུགས་ཞུ་ནི་མེདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དེ་འབདཝ་ད་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ དེ་ལས་ ཨམ་སྲུ་དང་ ཉམས་རྒུདཔ་ཚུ་ལུ་ ཉེས་ཁྲིམས་དེ་ ཡངས་ལ་ཡངས་སུ་ནུག་ཟེར་ ཚོར་སྣང་བྱུང་པ་ཅིན་ ལྷན་ཚོགས་ཀྱི་ ཁྲིམས་རྩོདཔ་དེ་གིས་ ཁོང་རའི་རྩོད་གཞི་ཚུ་ ཉེས་བཤོར་འབད་ནི་གི་ དབང་ཚད་བྱིན་དགོཔ་འདུག་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ག་རའི་ནང་ བསླབ་སྟོན་པ་གསར་བཙུགས་འབད་ནི་གི་ འོས་འབབ་བལྟ་ནི་ཨིན་རུང་ སྦྱོང་བརྡར་ཅན་གྱི་ བསླབ་སྟོན་པ་ཚུ་ གཏང་ནི་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།

དེ་ལས་ སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པར་ ཕུན་ཚོགས་གླིང་ལུ་ ཟ་ཁང་ཅིག་གི་ སྒོ་ཅུང་ནང་ལས་ ཨ་ལོ་གསར་སྐྱེས་ཅིག་ བཀོག་བཏང་པའི་ འབྲེལ་གནད་ནང་ ཧཱ་སེར་ཏེག་ནང་སློབ་གྲྭ་ཆུང་བའི་ དབུ་འཛིན་དང་ སློབ་དཔོན་ཅིག་ དེ་ལས་ སློབ་གྲྭའི་ཕྱགསམ་འཕྱག་མི་ ཨམ་སྲུ་ཅིག་ དོ་དམ་འོག་ལུ་ བཞག་མིའི་ཐད་ཁར་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་མ་ཚར་ཚུན་ཚོད་ བསྒུག་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *