ཨ་ལོ་གསར་སྐྱེས་ཀྱི་ཨ་པ་ ཤེས་རྟོགས་ཀྱི་དོན་ལུ་ ཁྲག་གི་དཔེ་ཚད་ རྒྱ་གར་ལུ་བསྐྱལ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པར་ ཕུན་ཚོགས་གླིང་ལུ་ ཟ་ཁང་གི་ སྒོ་ཅུང་གུ་ལས་མར་ བཀོག་བཏང་མི་ ཨ་ལོ་གསར་སྐྱེས་ཀྱི་ ཨ་པ་དེ་ ག་ཨིན་ན་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ ཕོ་སྐྱེས་༢ ཀྱི་ ཁྲག་གི་དཔེ་ ཚུ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ བསྐྱལ་ཡོདཔ་ཨིན་པས།

དོགས་པ་ཅན་༢ པོ་དེ་ཡང་ ཧཱ་དགའ་སྐྱིད་གླིང་རྒེད་འོག་ སེག་ཏི་ན་སློབ་གྲྭ་ཆུང་བའི་ དབུ་འཛིན་དང་ སློབ་དཔོན་ཅིག་ཨིནམ་ད་ ཁྲིམས་སྲུང་འགག་པའི་ ལྟ་རྟོག་སྡེ་ཚན་ཅིག་གིས་ དགོས་འདོད་ལམ་ཁར་ ཨ་ལོ་གསར་སྐྱེས་ཀྱི་ཕུངམ་ཅིག་ མཐོང་པའི་ཤུལ་ལུ་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་དེ་ ཨ་ལོའི་སྐྱེས་མ་ཨིན་པའི་ དོགས་པ་ཡོད་མི་ སློབ་གྲྭའི་འཕྱག་བདར་བ་དང་གཅིག་ཁར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཚན་རིག་བརྟག་དཔྱད་འབདཝ་ད་ ཨ་ལོ་དེ་ མ་ཤི་བར་ སྐྱེས་ཡོད་པའི་ མངོན་གསལ་བྱུངམ་ལས་ དམར་བསད་འབད་འབདཝ་བཟུམ་ཅིག་འདུག་ཟེར་ཨིན་པས།

ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཨ་ལོ་དེ་ དབང་པོ་སྒོ་ལྔ་ག་ར་ཚང་སྟེ་ སྐྱེ་ནི་གི་ དུས་ཚོད་རན་ཡོདཔ་མ་ཚད་ ལྗིད་ཚད་ཡང་ ཀེ་ཇི་༣.༦ དེ་ཅིག་ཡོདཔ་ཨིན་པས།

ཨིན་རུང་ དོགས་པ་ཅན་༣ ཆ་ར་གིས་ ཨ་ལོ་མ་ཤི་བར་ སྐྱེས་ཡོད་པའི་སྐོར་ ཁ་བཟེད་མ་བཏུབ་པའི་ཁར་ ཨ་ལོ་གསར་སྐྱེས་དེ་ སྒོ་ཅུང་ནང་ལས་ ག་གིས་ བཀོག་བཏང་ཡོདཔ་ཨིན་ན་ ད་ལྟོ་ ཤེས་རྟོགས་བྱུང་མ་ཚུགས་པར་ཡོད་པའི་ ལོ་རྒྱུས་འདུག།

དེ་འབདཝ་ལས་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་འཕྲོ་མཐུད་རྐྱབ་པའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

ད་རུང་ ཨ་ལོ་གསར་སྐྱེས་ ཤི་ཤིཝ་གི་པར་ མི་སྡེ་བརྡ་བརྒྱུད་ནང་བཙུགས་མི་ མི་ངོ་དེ་ ཁྲིམས་སྲུང་འགག་པ་གིས་ འཚོལ་ཞིབ་འབད་དོ་ཡོད་པའི་ ལོ་རྒྱུས་ཡོདཕ་ད་ ཨ་ལོའི་པར་དེ་ མི་སྡེ་བརྡ་བརྒྱུད་ནང་ གཅིག་གིས་གཅིག་ལུ་ བཏང་ཐོག་ལས་ ཁྱབ་སྤེལ་སོང་ཡོདཔ་ཨིན་པས།

ཚེ་ལས་འདས་མི་ ཨ་ལོའི་ཨའི་ སྐྱེས་ལོ་༢༤ ལང་མི་ ཨམ་སྲུ་དེ་ ཧཱ་སེག་ཏི་ན་ལས་ཨིནམ་ད་ མོ་ར་ སྐྱེས་ལོ་༣༤ ལང་མི་ སློབ་གྲྭའི་དབུ་འཛིན་དང་ སྐྱེས་ལོ་༢༨ ལང་མི་ སློབ་དཔོན་དང་གཅིག་ཁར་ ཕུན་ཚོགས་གླིང་ལུ་ འོང་ཡོདཔ་བཞིན་དུ་ སློབ་དཔོན་དེ་གཉིས་ ཧཱ་ལུ་ བཙག་འཐུའི་སྒྲིག་གཡོག་ནང་ འགྱོ་བའི་བསྒང་ཨིནམ་ལས་ ཁོང་གསུམ་ཆ་ར་ ཟ་ཁང་གི་ ཁང་མིག་༡ ནང་ སྡོད་ཡོདཔ་ཨིན་པས།

རྐྱེན་ངན་དེ་ རེས་གཟའ་ཟླ་བའི་དྲོ་པར་ ཆུ་ཚོད་༢ དང་༣ གྱི་བར་ན་ བྱུང་ཡོདཔ་བཞིན་དུ་ གསོ་བའི་ལས་བྱེདཔ་ཚུ་ བྱུང་རྐྱེན་གྱི་ ས་ཁོངས་ནང་ལྷོདཔ་ད་ ཨ་ལོ་གསར་སྐྱེས་དེ་ ཤི་ནུག་ཟེར་ཨིན་པས།

དོགས་ཅན་༣ གྱིས་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ དགོས་འདོད་ལམ་ཁར་ཡོད་མི་ ཟ་ཁང་གི་ ཁང་མིག་ཅིག་ ལེན་ཡོདཔ་ད་ ཟ་ཁང་གི་ ཐོ་བཀོད་དང་འཁྲིལཝ་ད་ ཁང་མིག་དེ་ སློབ་དཔོན་གྱི་ མིང་ཐོ་ཁར་ ལེན་ཡོདཔ་ཨིན་པས།

ཨམ་སྲུ་དེ་གིས་ མོ་ར་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ མ་འཁྱིད་ཚུན་ཚོད་ ཨ་ལོ་སྐྱེས་ཡོད་པའི་སྐོར་ ཁ་མ་བཟེད་རུང་ ཤུལ་ལས་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།

ཟ་ཁང་གི་ འཛིན་སྐྱོང་པ་གིས་འབད་བ་ཅིན་ ཟ་ཁང་ནང་འོངམ་ད་ ཨམ་སྲུ་དེ་ ཨ་ལོ་ཆགས་ཡོདཔ་བཟུམ་སྦེ་ མ་མཐོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་དང་ གསོ་བའི་ལས་བྱེདཔ་ཚུ་ དྲི་ཞིབ་འབད་བར་ ཟ་ཁང་ནང་འོངམ་ད་ དོགས་ཅན་༣ སྡོད་སའི་ ཁང་མིག་ནང་ ཁྲག་ཐིག་པ་ཅིག་ཡང་ མ་མཐོང་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *