༉ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ལྷན་ཁག་དང་ལས་སྡེ་ཁག་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་སྦེ་ ཁ་ཙ་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་གྱི་ བདུན་ཕྲག་བརྩི་སྲུང་གི་ ཉིནམ་༤ པའི་ནང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ཡི།
གཞུང་གི་ཁ་ཐུག་ལས་ ཨ་ལོའི་ཨའི་ཚུ་ ལཱ་གཡོག་བཀོག་མ་བཞག་པར་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ སྐྱེས་མའི་ངལ་གསོ་ཟླཝ་༦ གནང་ཡོདཔ་བཞིན་དུ་ སྒེར་དང་ལས་འཛིན་གྱི་ ཨམ་སྲུ་ཚུ་ལུ་ཡང་ དེ་བཟུམ་གནང་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ལཱ་འབད་ནིའི་འགན་ཁུར་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ལུ་ གནང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ གཞུང་སྐྱོང་མཆོག་འགྱུར་གྱི་ མཚན་རྟགས་བཀོད་པའི་སྐབས་ལུ་ ལྷན་ཁག་དང་ གཞུང་གི་ལས་སྡེ་མང་ཤོས་ཅིག་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ནིའི་འཆར་གཞི་ བཟོ་དགོཔ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ ལས་གཡོག་ལྷན་ཁག་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ཡང་ དེ་སྦེ་བཙུགས་ཐབས་ཅིག་ཡོད་པ་ཅིན་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་ཟེར་ཨིན་པས།
ལྷན་ཁག་དང་ ལས་སྡེ་ཚུ་ནང་ ཨ་ལོ་གཅེས་སྐྱོང་ཁང་ གཞི་བཙུགས་འབད་ནི་ཨིན་ཟེར་བའི་སྐབས་ གདོང་ལེན་ཆེ་ཤོས་དེ་ར་ ས་ཁོངས་མེད་པའི་དཀའ་ངལ་དེ་ ཨིན་ཟེར་ཨིན་པས།
ད་ལྟོ་ཐིམ་ཕུག་གི་ ལྷན་ཁག་དང་ ལས་སྡེ་ཚུ་བསྡོམས་ད་ ཨ་ལོ་གཅེས་སྐྱོང་ལྟེ་བ་༩ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལྷན་ཁག་དང་ ལས་སྡེ་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ནིའི་དོན་ལས་ ལྷན་ཚོགས་ལུ་ མ་དངུལ་ལངམ་སྦེ་མེད་ནི་དེ་གིས་ དུས་ཅི་གི་ལོ་ནང་ དངུལ་རྩིས་ལྷན་ཁག་གི་འཆར་དངུལ་ ཚད་གཞི་ལས་བརྒལ་སོཔ་ལས་ ཞུ་ཐབས་མེདཔ་བཞིན་དུ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཨ་ལོ་གཅེས་སྐྱོང་ལྟེ་བ་༩ གཞི་བཙུགས་འབད་ནི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་སྡོད་མི་ ཨ་ལོའི་ཕམ་ཚུ་ མང་ཤོས་ཅིག་ར་ ལཱ་གཡོག་ནང་ཨིནམ་ལས་ ཧེ་མ་འབད་བ་ཅིན་ གཡུས་ཁའི་ ན་གཞོན་བུམོ་ཅུང་ཚུ་ དངུལ་ཕོགས་སྤྲོད་ཐོག་ལས་ ཨ་ལོ་བལྟ་མི་སྦེ་ ཁྱིད་འོང་སྲོལ་འདུག་ཟེར་ སླབ་ཨིན་པས།
ཨིན་རུང་ དེ་སྦེ་ཁྱིད་འོང་པའི་སྐབས་ བུམོ་ཅུང་ཚུ་ ཁོང་རའི་ མི་ཚེ་གི་ གོ་སྐབས་མེདཔ་བཏང་དོ་ཡོདཔ་ལས་ རྩ་མེད་གཏང་ནིའི་དོན་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ནི་དང་ སྐྱེས་མའི་ངལ་གསོ་ཟླཝ་༦ གནང་མི་དེ་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
ཐིམ་ཕུག་ནང་འཁོད་ཀྱི་ ལྷན་ཁག་དང་ ལས་སྡེ་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་བའི་སྐབས་ རྫོང་ཁག་གི་ ཞི་གཡོགཔ་ཚུ་གིས་ ཐིམ་ཕུག་རྐྱངམ་གཅིག་མ་གཏོགས་ གཞན་ཁ་ལས་ཕར་ ག་ཅི་སྦེ་ གཙོ་བོར་མ་བཏོནམ་ཨིན་ན་ཟེར་ སླབ་མི་ཡང་ ཐོནམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ དུས་ཅི་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་ཚུ་ རྫོག་ཁག་ནང་ མཚན་རྟགས་བཀོད་པའི་སྐབས་ རྫོང་ཁག་ནང་ཡང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ནི་དེ་ འཆར་གཞི་ནང་ ཚུད་ཚུགས་པ་ཅིན་ཟེར་བའི་ གྲོས་འདེབས་ཚུ་ ཕུལ་ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་གི་ བདུན་ཕྲག་བརྩི་སྲུང་དེ་ གསོ་བའི་ལྷན་ཁག་དང་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སི་ཨེཕ་གི་རྒྱབ་སྐྱོར་ཐོག་ལས་ ཤེས་རིག་ལྷན་ཁག་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།