ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་བཙུགས་མི་ ཤ་ལི་གཡུས་ཚན་གྱི་ ཨ་ལོ་ཚུ།

ཨ་ལོ་གཅེས་སྐྱོང་ལྟེ་བ་གིས་ ཤ་ལི་གསེར་སྤང་སྤྱི་འོག་གི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ ཤ་ལི་གཡུས་ཚན་ལས་ སྐྱེས་ལོ་༣༦ ལང་མི་ བདེ་ཆེན་མཚོ་མོ་དང་ ཆ་རོགས་ཨམ་སྲུ་ཚུ་གིས་ གེ་ཟ་འཛུགས་སྐྱོང་འབད་ནིའི་དོན་ལུ་ སྤང་རྐོ་བའི་སྐབས་ ཧེ་མ་བཟུམ་སྦེ་ ཨ་ལོ་ཆུང་ཀུ་ ཕུད་རྡོག་གཅིག་ཡང་མེད་ནི་དེ་གིས་ ལཱ་འབད་ནིའི་དུས་ཚོད་ ཐོབ་སྟེ་འདུག།
ཨ་ལོ་༤ གི་ཨའི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ གཞན་གྱི་ལཱ་སར་འགྱོ་དགོཔ་ཐོན་རུང་ ཨ་ལོ་བལྟ་མི་མེདཔ་ལས་ ཨ་ལོ་ཆུང་ཀུ་ཚུ་ མོ་ར་དང་གཅིག་ཁར་ ཞིང་ནང་འཁྱིད་དགོཔ་ལས་ དཀའ་ངལ་འབྱུང་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ གཡུས་ཚན་དེ་གི་ ཤ་ལི་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་གསརཔ་ཅིག་ འགོ་བཙུགས་ཡོདཔ་ལས་ མོ་གིས་ ཨ་ལོ་ཆུང་ཀུ་༢ ཡོད་མི་གཉིས་ཆ་ར་ ལྟེ་བ་དེ་ནང་ བཙུགས་བཞག་ནི་དེ་གིས་ ལཱ་སར་འགྱོ་རུང་ མོ་ར་རྐྱངམ་གཅིག་སྦེ་ འགྱོ་དོ་ཡོདཔ་ཨིན་པས།
ལྟེ་བ་དེ་གིས་ མོ་བཟུམ་སྦེ་ རྒེད་འོག་དེ་གི་ པཱམ་དང་ ཤ་ལི་ དཀོན་མཆོག་གླིང་ གསེར་སྤང་ ངང་ལ་མོ་ དེ་ལས་ སྨན་ཤིང་གཡུས་ཚན་༦ གི་ ཨ་ལོ་ཆུང་ཀུ་ཡོད་མི་ ཕམ་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་འདུག།
ལྟེ་བ་དེ་ སློབ་གྲྭའི་ས་ཁོངས་ནང་ ཐོག་ཚད་༡ འབད་མི་ ཁྱིམ་ཅིག་ནང་བཟོ་སྟེ་ཡོད་པའི་ཁར་ ཁྱིམ་གྱི་ཕྱི་ཁར་ ཨ་ལོ་ཚུ་རྩེད་ནིའི་དོན་ལུ་ རྩེད་ཐང་ཆུང་ཀུ་ཅིག་ནང་ རྩེད་ཆས་ཚུ་བཙུགས་ཏེ་འདུག།
སྐྱེས་ལོ་༢༥ ལང་མི་ ཤེས་རབ་བཟང་མོ་གིས་ཡང་ མོ་རའི་སྐྱེས་ལོ་༦ མན་ཆད་འབད་མི་ ཨ་ལོ་༢ ཡང་ ལྟེ་བ་དེ་ནང་ བཙུགས་ཏེ་ཡོད་པའི་ཁར་ མོ་གིས་སླབ་མིའི་ནང་ ལྟེ་བ་གཞི་བཙུགས་འབད་མི་དེ་གིས་ མོ་བཟུམ་སྦེ་ ཞིང་ནང་ལཱ་འབད་མི་ཚུ་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
ད་རེས་ ལྟེ་བ་དེ་ནང་ ཨ་ལོ་བུམོ་༡༤ དང་ བུཚ་༡༣ ཡོད་མིའི་ནང་ སློབ་སྟོན་པ་ཨམ་སྲུ་ཅིག་ཡོད་པའི་ཁར་ སློབ་སྟོན་པ་ མེ་ཏོག་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཨ་ལོ་ཚུ་གི་དོན་ལུ་ སློབ་སྟོན་འབད་ནིའི་ སློབ་ཚན་སོ་སོར་སྦེ་མེད་རུང་ མོ་གིས་ དུས་རྒྱུན་དུ་ ཨ་ལོ་ཚུ་ལུ་ཕན་པའི་ འཆར་གཞི་ཚུ་བཟོ་སྟེ་ སྟོན་དོ་ཟེར་ཨིན་པས།
མེ་ཏོག་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ལྟེ་བ་དེ་ གསརཔ་འབད་ནི་དེ་གིས་ ཨ་ལོ་ཚུ་གི་དོན་ལུ་ ལས་རིམ་ག་བཟུམ་ཅིག་ འགོ་འདྲེན་འཐབ་སྟེ་འབད་རུང་ ཕམ་ཚུ་གིས་ རྒྱབ་སྐྱོར་འབད་ནི་ཡོད་ཟེར་ཨིན་པའི་ཁར་ ཨ་ལོ་ཚུ་ལུ་ ནང་འཁོད་རྩེད་རིགས་དང་ ཕྱི་ཁ་ལས་ཕར་ རྩེདམོ་རྩེ་ནིའི་རིགས་ཚུ་ བྱིན་ནི་ཡོད་ཟེར་ཨིན་པས།
ཨ་ལོ་ཚུ་ཡང་ ལོ་ངོ་༣ དང་༦ གི་བར་ན་འབད་མི་ཚུ་ བཙུགས་དོ་ཡོདཔ་ད་ ལྟེ་བ་དེ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཤེས་ཡོན་མ་དངུལ་གྱིས་ གྲོགས་རམ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སློབ་སྟོན་ཚུ་ཡང་ ཨ་ལོ་ཆུང་ཀུ་ཚུ་གིས་ སློབ་སྟོན་འབད་བའི་སྐབས་ ཕན་ཐོགས་ཚུགས་པའི་ལས་སྣ་དང་ ཁ་སླབ་ནི་ དེ་ལས་ བརྒྱུད་འབྲེལ་འཐབ་ནིའི་རིགས་ཚུ་ སློབ་སྟོན་འབད་དོ་ཟེར་ཨིན་པས།
མེ་ཏོག་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ལྟེ་བ་གིས་ ཨ་ལོ་རེ་རེ་བཞིན་དུའི་ གནས་སྟངས་ཚུ་ དབྱེ་ཞིབ་འབད་དེ་ ལྕོགས་གྲུབ་ཅན་བཟོ་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་དོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *