མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ ཉིན་གྲངས་༣ གྱི་རིང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ དུས་སྟོན་བརྩི་སྲུང་འབད་བའི་སྐབས་ལུ་ སློབ་སྟོན་པ་ཚུ་གིས་ ཨ་ལོ་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ སློབ་སྟོན་འབད་དོ་ཡོད་པའི་སྐོར་ འགྲེམ་སྟོན་འབད་བའི་བསྒང་།

ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་སྐོར་ ཕམ་དང་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ བརྡ་དོན་སྤྲོད་ཡོདཔ།

༉ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ ཉིན་གྲངས་༣ གྱི་རིང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ དུས་སྟོན་བརྩི་སྲུང་འབད་མི་དེ་གིས་ ཨ་ལོའི་ཕམ་དང་ མི་སྡེའི་འགོ་ཁྲིདཔ་ དེ་ལས་ སློབ་སྟོན་པ་ཚུ་ལུ་ ཕན་ཐོགས་བྱུང་ནུག།
བ་ལམ་རྒེད་འོག་གི་དམངས་མི་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་སྡེའི་འགོ་ཁྲིདཔ་དང་ སྤྱིར་བཏང་གཡུས་མི་ཚུ་གིས་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་གཞི་བཙུགས་མི་དེ་ཡང་ ཕམ་ཚུ་ ལཱ་འབད་བར་ འགྱོཝ་ད་ ཨ་ལོ་ཆུང་ཀུ་ཚུ་ བལྟ་མི་མེད་པར་ གདོང་ལེན་བྱུང་མི་དེ་ བསལ་ནིའི་དོན་ལུ་ཨིནམ་སྦེ་ གོ་བ་ལེན་སྡོད་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ ཕམ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་ལུ་ རྒྱབ་སྐྱོར་བྱིན་མ་ཚུགས་ཟེར་ བཤདཔ་ཨིན་པས།
ཆ་གླིང་རྒེད་འོག་གི་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ སློབ་སྟོན་འབད་མི་ རྟེན་འབྲེལ་བཟང་མོ་གིས་ སླབ་མིའི་ནང་ ཨ་ལོ་༡༥ ལུ་ སློབ་སྟོན་འབད་ནི་ལུ་ གདོང་ལེན་གཙོ་བོ་ར་ ཕམ་ཚུ་གིས་ རྒྱབ་སྐྱོར་སྒྲིང་སྒྲི་མེད་པའི་ཁར་ སློབ་སྟོན་འབད་ནིའི་ མཁོ་ཆས་ཚུ་མེད་མི་ལས་ བྱུང་ཡོད་ཟེར་ཨིན་པས།
སྤུ་ན་ཁ་རྫོང་ཁག་ལས་ སྐྱེས་ལོ་༢༧ ལང་མི་ ཚེ་རིང་སྒྲོལ་མ་གིས་ སློབ་རིམ་༡༢ པ་མཇུག་བསྡུ་བའི་ཤུལ་ལས་ སློབ་སྟོན་པ་སྦེ་ འཛུལ་ཞུགས་འབད་མི་དེ་ ཨ་ལོ་ཚུ་ བདག་འཛིན་འཐབ་ནི་དང་ གཅེས་སྐྱོང་དང་ འཛིན་སྐྱོང་འབད་ཐངས་ཀྱི་ལྕོ གས་གྲུབ་དང་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གཅེས་སྐྱོང་ལྟེ་བ་ལས་ སྐྱེས་ལོ་༢༥ ལང་མི་ ཆོས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་དང་ ཁྲོམ་སྡེ་ དེ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཨ་ལོ་གཅེས་སྐྱོང་ལྟེ་བའི་དོན་ལུ་ ལོ་ བསྟར་བཞིན་དུ་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་དགོཔ་འདུག་ཟེར་ཨིན་པས།
ཐིམ་ཕུག་ལས་ སློབ་སྟོན་པ་ སྐལ་བཟང་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ དུས་སྟོན་བརྩི་སྲུང་ལས་རིམ་ལས་ ཨ་ལོའི་ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ཀྱི་ ཤེས་ཡོན་དང་ ཁྱད་རིག་ལྡན་པའི་ རིག་རྩལ་ཚུ་ཐོབ་ཅི་ ཟེར་ཨིན་པས།
ཤེས་རིག་ལྷན་ཁག་ལས་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ ལས་རིམ་འགོ་དཔོན་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ དུས་སྟོན་བརྩི་སྲུང་འབད་མི་དེ་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ཨིནམ་ད་ དེ་ཡང་ རྒྱལ་ ཁབ་ནང་ ལྟེ་བ་གཞི་བཙུགས་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་གནང་སྟེ་ ལོ་༡༢ དེ་ཅིག་ལང་རུང་ མི་མང་ཤོས་ཅིག་ གིས་ གཅེས་སྐྱོང་ལྟེ་བའི་ལས་རིམ་དང་ གོ་དོན་ཚུ་ ལེགས་ཤོམ་སྦེ་ ཤེས་མ་ཚུགས་པས་ཟེར་ བཤདཔ་ཨིན་པས།
དེ་བཟུམ་མའི་ ཤེས་རྟོགས་མེད་མི་ལུ་བརྟེན་ ཨ་ལོ་ཆུང་ཀུ་བསྒང་ལས་ ཤེས་ཡོན་དང་ རིག་རྩལ་གོང་འཕེལ་ གཏང་ནི་ལུ་ ཐོ་ཕོག་ཡོདཔ་ལས་ དུས་སྟོན་ཐེངས་༢ པའི་ནང་ རྫོང་ཁག་གི་རྒེད་འོག་༡༧ གྱི་ རྒཔོ་དང་ བདག་སྐྱོང་འགོ་དཔོན་ དམངས་མི་ དེ་ལས་ རྫོང་ཁག་གི་ ཉེ་འདབས་ལུ་ཡོད་མི་ སློབ་དཔོན་ཚུ་ལུ་ གོ་ བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨ་ལོ་སྐྱེས་ལོ་༣ ལས་༥ འི་བར་ན་འབད་མི་ཚུ་ གཅེས་སྐྱོང་ལྟེ་བའི་ནང་བཙུགས་ཏེ་ སྤྱི་ལོ་༢༠༡༨ ཚུན་ བརྒྱ་ཆ་༢༠ ལས་བརྒལ་ ཁྱབ་མ་ཚུགས་པར་ཡོད་མི་དེ་ འཆར་གཞི་༡༢ པའི་ནང་ བརྒྱ་ཆ་༣༠ ལུ་ ཡར་སེང་ཐོག་ བརྒྱ་ཆ་༥༠ ཁྱབ་ཚུགསཔ་བཟོ་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
ད་ལྟོ་ གཅེས་སྐྱོང་ལྟེ་བ་ལུ་ སྤུས་ཚད་ལྟ་རྟོག་དང་ བདག་འཛིན་འབད་མི་ཚུ་ ཁྱད་རིག་གི་ སྦྱོང་བརྡར་དང་ ཉམས་མྱོང་ དེ་ལས་ ལྕོགས་གྲུབ་ཅན་གྱི་ མི་སྟོབས་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་༤༥༠ ལྷགཔ་ཅིག་ནང་ ཨ་ལོ་༧,༥༠༠ དེ་ཅིག་དང་ སློབ་སྟོན་ འབད་མི་༤༠༠ དེ་ཅིག་ཡོདཔ་ཨིན་པས།
དུས་སྟོན་ནང་ ཨ་ལོ་ཚུ་གི་ སྤུས་ཚད་ཡར་རྒྱས་གཏང་ནིའི་དོན་ལུ་ སློབ་སྟོན་འབད་ནིའི་ མཁོ་ཆས་ཚུ་ཡང་ ཕྱགས་སྙིགས་དང་ ཤིང་གིས་བཟོ་མི་ཚུ་ རྫོང་ཁག་༢༠ ལས་ སློབ་སྟོན་འབད་མི་ཚུ་གིས་ ལག་ལེན་འཐབ་ཐོག་ འགྲེམ་སྟོན་འབད་མི་དེ་ སློབ་སྟོན་པ་དང་ མི་སྡེའི་འགོ་ཁྲིདཔ་ སློབ་དཔོན་ཚུ་གིས་ ཧ་གོ་བཅུག་ནིའི་ དོན་ལུ་ཨིན་པས།
ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ སླབ་མིའི་ནང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ ལས་སྡེ་དང་ རྫོང་ཁག་ཤེས་རིག་སྡེ་ཚན་ དེ་ལས་ ཡུ་ནེ་སེཕ་གི་ མ་དངུལ་རྒྱབ་ སྐྱོར་ཐོག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ནི་ཨིན་མི་ ལས་རིམ་༣ པ་དེ་ དབུས་ཕྱོགས་རྫོང་ཁག་ གཞལམ་སྒང་ལུ་ འགོ་འདྲེན་འཐབ་ནིའི་ལས་འཆར་ཡོདཔ་ད་ ལས་རིམ་དང་པ་དེ་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *