ཨ་ལོ་༡,༠༠༠ སྐྱེས་ས་ལས་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་མི་དེ་༡༢ ལུ་ མར་ཕབ་འབད་ནི།

༉ གསོ་བའི་ལྷན་ཁག་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ ཕོཝ་ནང་་ལས་ ཨ་ལོ་ཤི་སྟེ་ སྐྱེས་མི་ཚུ་ མང་ཤོས་ར་ ཁྲག་ཤུགས་ཡོད་མི་དང་ འབུ་ནད་ཐོབ་མི་ ཨའི་དང་འབྲེལ་བའི་ན་ཚ་ཡོད་མི་ དེ་ལས་ ཆང་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ལུ་ ཕོཝ་ནང་ ཨ་ལོ་ཤི་སྟེ་སྐྱེས་མི་ ཨའི་ཚུ་དང་འབྲེལ་བ་འཐབ་ཞིནམ་ལས་ ཞིབ་འཚོལ་འབད་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ བཟའ་ཚང་གི་ རྒྱབ་སྐྱོར་ལེགས་ཤོམ་མེད་མི་དང་ ཆང་ལུ་ཤུགས་ཐལ་མི་ འཆར་གཞི་མེད་པར་ ཨ་ལོ་ཆགས་མི་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་གི་ འཐུས་ཤོར་ལུ་བརྟེན་ཏེ་ཡང་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ འབྲུག་རྒྱལ་ཁབ་ནང་ ཨ་ལོ་༡༠༠༠ སྐྱེས་ས་ལས་ ཨ་ལོ་ཤི་ཤིཝ་སྦེ་སྐྱེས་མི་༡༦ ཐོན་ཡོདཔ་ད་ འབྲུག་གི་ཨ་ལོ་གསར་སྐྱེས་ཀྱི་ དང་ལེན་འཆར་གཞི་༢༠༡༦ ལས་༢༠༢༣ ནང་ འཁོད་མི་དང་འཁྲིལཝ་ད་ ཨ་ལོ་༡༠༠༠ སྐྱེས་ས་ལས་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་མི་དེ་༡༢ ལུ་ མར་ཕབ་འབད་ནི་སྦེ་ཨིན་པས།
ཨའི་དང་ཨ་ལོ་གི་འཕྲོད་བསྟེན་སྡེ་ཚན་གྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལུ་ ཨ་ལོ་བསྡོམས་༡༡,༡༢༢ སྐྱེས་ས་ལས་ ཨ་ལོ་༡༠༡ ཤི་ཤིཝ་སྦེ་ར་ སྐྱེས་ཡོདཔ་སྦེ་ཨིནམ་ད་ དེ་ནང་ལས་ མཐོ་ཤོས་དེ་ ཐིམ་ཕུག་ལུ་༡༧ དང་ བསམ་གྲུབ་ལྗོངས་མཁར་ལུ་༡༣ དེ་ལས་ བཀྲིས་སྒང་ལུ་༡༢ ཨིན་པས།
སྤ་རོ་དང་ ཀྲོང་གསར་ རྩི་རང་ དེ་ལས་ དབང་འདུས་ལུ་ སྤྱི་ལོ་༢༠༡༥ ལུ་ ཨ་ལོ་ཤི་སྟེ་སྐྱེས་མི་ ཕུད་རྡོག་༡ ཡང་ མ་ཐོནམ་ཨིན་པས།
ཨིན་རུང་ ལོ་བསྟར་ཁྱིམ་གུང་བརྟག་ཞིབ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལུ་ ཨ་ལོ་ཤི་སྟེ་སྐྱེས་མིའི་ གྱངས་ཁ་དེ་༧༥ ཨིནམ་ད་ དེ་ནང་ལས་ གསར་སྤང་ལུ་༡༢ པོ་དེ་ མཐོ་ཤོས་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་དང་ མོང་སྒར་ལུ་༩ དང་ བཀྲིས་སྒང་ལུ་༨ སྐྱེས་ཡོདཔ་ཨིན་པས།
བརྟག་ཞིབ་དང་འཁྲིལཝ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་སྐྱེས་བར་འོང་མི་ ཨམ་སྲུ་བརྒྱ་ཆ་༤༩.༦ དེ་ཅིག་གི་གྲས་ལས་ བརྒྱ་ཆ་༡༩.༥ དེ་ཅིག་གིས་ ཨ་ལོ་མ་སྐྱེ་བའི་ཧེ་མར་ བརྟག་དཔྱད་ཀྱི་དོན་ལུ་ ཐོ་བཀོད་ཚུ་འབད་ཡོདཔ་སྦེ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་མི་ཚུ་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གིས་ ཨ་ལོ་མ་སྐྱེ་བའི་ཧེ་མ་ལས་ དུས་མཐུན་བརྟག་དཔྱད་ཚུ་ མ་འབད་བའི་ཁར་ གསོ་བའི་བསླབ་བྱ་ལེན་ནི་ ཕྱིས་མི་ལུ་བརྟེན་ཏེ་ཡང་ ཨིན་ཟེར་ཨིན་པས།
ཕོཝ་དང་ ཨ་ལོ་མ་སྤར་ནི་དང་ ཨ་ལོ་སྐྱེ་ནི་རནམ་ད་ ཆུ་འཐོན་འགྱོ་ནི་ལ་སོགས་པ་ཚུ་འབད་བའི་སྐབས་ གསོ་བའི་བསླབ་བྱ་མ་ལེན་པར་ སྡོད་མི་དེ་གིས་ཡང་ ཕོཝ་ནང་ ཨ་ལོ་ཤི་རྐྱེན་བྱུངམ་ཨིན་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨའི་ལ་ལོ་ཅིག་གིས་ ཕོཝ་ནང་ ཨ་ལོ་ཆགས་ཏེ་ཡོད་རུང་ ལཱ་ཤུགས་འབད་བའི་ཁར་ ཁྱིམ་ནང་གཅེས་སྐྱོང་དང་ རྒྱབ་སྐྱོར་བྱིན་མི་མེད་པར་ བཟའ་ཚང་གི་ ཚ་གྱང་འབག་མི་དེ་གིས་ཡང་ ཕོཝ་ནང་ ཨ་ལོ་ཤི་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་ལས་ཕར་ ཆང་དང་ཏམ་ཁུ་གིས་ ཕོཝ་ནང་ ཨ་ལོ་ཆགས་མི་ཚུ་ལུ་ ག་དེ་སྦེ་ གནོད་དོ་ཡོདཔ་ཨིན་ན་དང་ ཨ་ལོ་མ་སྐྱེ་བའི་ཧེ་མར་ གཅེས་སྐྱོང་ཚུ་ ག་དེ་སྦེ་ འབད་དགོཔ་ཨིན་ནའི་ གོ་བ་བརྡ་སྤྲོད་འབད་ནི་དེ་ ཁག་ཆེ་དྲགས་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *