ཨ་ལཱན་ཅི་ སྐམ་ནིའི་དོན་ལུ་ སེལ་བའི་བསྒང་།

ཨ་ལཱན་ཅིའི་ཐོན་སྐྱེད་ཚུ་ གཞུང་གིས་ ནམ་ཉོ་འོང་ག་ཟེར་ སྒུག་སྟེ་ཡོདཔ།

༉ གཞུང་གིས་ དངུལ་ཐོག་ཨ་ལཱན་ཅི་ཚུ་ སོ་ནམ་པ་ཚུ་ལས་ ལོག་ཉོ་ནི་ཨིན་པའི་སྐོར་ གསལ་བསྒྲགས་འབདཝ་བཞིན་དུ་ སོ་ནམ་འགོ་དཔོན་ཚུ་གིས་ གཞུང་གི་གོང་ཚད་ཐོག་ལུ་ ཨ་ལཱན་ཅི་ བཙོང་འདོད་ཡོད་མི་ སོ་ནམ་པ་ཚུ་གི་ མིང་ཐོ་བསྡུ་ལེན་འབད་དེ་ བདུན་ཕྲག་ལྷག་སོང་རུང་ དེ་གི་སྐོར་ལས་ མི་སེར་ཚུ་གིས་ ལོ་རྒྱུས་ག་ནི་ཡང་ མ་གོཝ་ཨིན་པས།
དེ་ཡང་ གསར་སྤང་དང་ རྩི་རང་རྫོང་ཁག་༢ ཀྱི་ གྲོང་གསེབ་མི་སེར་ཚུ་ རང་སོའི་ཐོན་སྐྱེད་ ཚོང་སྒྱུར་འཐབ་མ་ཚུགས་པར་ ལུས་མི་དེ་ གཞུང་གིས་ཉོ་ནི་ འགོ་བཙུགས་ནི་ལུ་ བསྒུགཔ་ཨིན་པས།
གསར་སྤང་ཆུ་གཟར་སྒང་རྒེད་འོག་ལས་ སོ་ནམ་པ་ ཆ་བི་ལཱལ་ གི་མེ་རེ་གིས་ སླབ་མིའི་ནང་ ད་ལྟོ་ ཁྲོམ་ཁ་ལུ་ ཨ་ལཱན་ཅིའི་གོང་ཚད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༧༥ རེ་ ཐོབ་མི་དང་ཕྱདཔ་ད་ གཞུང་གི་གོང་ཚད་ དངུལ་ཀྲམ་༥༥༠ རེ་བྱིན་མི་དེ་ འོས་འབབ་དང་ལྡནམ་སྦེ་ཡོད་རུང་ ཨ་ལཱན་ཅི་འཛུགས་སྐྱོང་དང་ གཡུར་མ་རྐྱབ་ནི་ལས་ ཐོན་སྐྱེད་བསྡུ་ནི་དང་ སྐམ་ནི་ སྒམ་རྐྱབ་ནི་ལ་སོགས་པའི་ ལཱ་ལེ་ཤ་འབད་དགོཔ་ལས་ ཨ་ལཱན་ཅི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༥༠ རེ་ བྱིན་མི་དེ་ ཉུང་ར་ཉུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་བསྡུ་ནིའི་དོན་ལུ་ ལས་མིའི་གླ་ཆ་ དངུལ་ཀྲམ་༦༠༠ དང་༧༠༠ དེ་རེ་ སྤྲོད་དགོཔ་མ་ཚད་ ཨ་ལཱན་ཅིའི་ པགས་ཀོ་བཤུབ་ནིའི་གླ་ཆ་ དངུལ་ཀྲམ་༡༥༠ སྤྲོད་དགོ་མི་ཚུ་ རྩིས་རྐྱབ་པ་ཅིན་ གཞུང་གིས་ གོང་ཚད་དངུལ་ཀྲམ་༥༥༠ བྱིན་མི་དེ་ ཉུང་དྲགས་པས་ཟེར་ཨིན་པས།
ཆ་བི་ལཱལ་ གི་མེ་རེ་གིས་ དུས་ཅི་ ཨ་ལཱན་ཅི་ཐོན་སྐྱེད་ཀེ་ཇི་༤༠༠ དེ་ཅིག་ བསྡུ་ཡོདཔ་ད་ མ་གཞི་ ཁོ་གིས་ ངོ་ཚབ་ཅིག་ལུ་ བཙོང་ནི་སྦེ་ ཐག་བཏོག་ཡོད་རུང་ གོང་ག་དེམ་ཅིག་སྦེ་ བཙོང་ནི་ཨིན་ན་ ཐག་མ་བཅད་པར་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ ཉོ་བ་ཅིན་ སྤྱི་ཟླ་༡༢ པའི་ཟླཝ་འདི་ དུས་ཚོད་འོས་ལྡན་ཅིག་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ སོ་ནམ་པ་ལ་ལོ་གིས་ ཁོང་རའི་དངུལ་ཐོག་ཚུ་ བཙོང་ནིའི་དོན་ལས་ སྤྱི་ཟླ་དང་པ་དང་གཉིས་པ་ཚུན་ བསྒུག་དོ་ཡོད་མི་དེ་ཡང་ དེ་བསྒང་ གོང་ཚད་ཡར་འཛེགསཔ་ཨིན་ཟེར་ ཆ་བི་ལཱལ་ གི་མེ་རེ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ སོ་ནམ་པ་མང་ཤོས་ཅིག་གིས་ར་ དངུལ་རྐྱང་ཁག་ཆེ་མི་ལུ་བརྟེན་ ཐོན་སྐྱེད་ཚུ་ ཧ་སུ་སྦེ་ བཙོངམ་མས་ཟེར་ཨིན་པས།
ད་རུང་ ཨ་ལཱན་ཅི་ཀེ་ཇི་༢༨༠ དེ་ཡོད་མི་ སོ་ནམ་པ་གཞན་ ཀེ་བི་ཏ་མང་དེ་ སོ་ནམ་འགོ་དཔོན་ཚུ་གིས་ སོ་ནམ་པ་ཚུ་གི་ མིང་ཐོ་བསྡུ་ལེན་འབདཝ་ད་ ཐོ་བཀོད་འབད་ནི་ ཕྱིས་ཡོད་རུང་ གཞུང་གིས་ བཙོང་མ་ཚུགས་པར་ལུས་མི་ ཐོན་སྐྱེད་ཆ་མཉམ་ ཉོ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ད་ གཞུང་གིས་ ད་རིས་ཀྱི་ ཟླཝ་ནང་ར་ ཉོ་བ་ཅིན་ སོ་ནམ་པ་ཚུ་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཐོག་ཚུ་ ཁྲོམ་ཁར་བཙོངམ་ད་ རིན་དངུལ་ལག་སྤྲོད་ཐོབ་དོ་བཟུམ་ གཞུང་གིས་ཡང་ དེ་འཕྲོ་ལས་ སྤྲོད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ དངུལ་རྐྱང་ཁག་ཆེ་མི་དེ་ཡང་ ཨ་ལཱན་ཅི་ལས་ཐོབ་མི་ འོང་འབབ་དེ་ ད་རིས་བཟུམ་མའི་ དུས་ཚོད་ནང་ སྒོ་ནོར་ཉོ་ནི་དང་ ཁྱིམ་རྐྱབ་ནི་ དེ་ལས་ སློབ་ཕྲུག་ཚུ་གི་ ཉོ་ཚོང་རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་ བཤདཔ་ཨིན་པས།
ཆུ་གཟར་སྒང་རྒེད་འོག་ནང་ ལོ་བསྟར་བཞིན་དུ་ ཨ་ལཱན་ཅི་མེ་ཊིག་ཊཱན་༢,༠༠༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོད་མི་ལས་ མེ་ཊིག་ཊཱན་༡,༠༠༠ དེ་ཅིག་ དགེ་ལེགས་ཕུག་ལུ་ཡོད་མི་ ཚོང་འབྲེལ་ངོ་ཚབ་ཚུ་ལུ་ བཙོང་ཚར་ཚརཝ་ འོང་ནི་ཨིནམ་ད་ ཚོང་འབྲེལ་ངོ་ཚབ་ ལ་ལོ་ཅིག་ རྒྱ་གར་གྱི་ ཚོང་པ་ཚུ་ཨིན་པས།
རྩི་རང་རྫོང་ཁག་ནང་འབད་བ་ཅིན་ ཨ་ལཱན་ཅི་མེ་ཊིག་ཊཱན་༡༢ དེ་ཅིག་ མ་བཙོང་པར་ཡོད་པའི་སྐོར་ སོ་ནམ་འགོ་དཔོན་ཚུ་གིས་ ཐོ་བཙུགས་ཡོདཔ་ད་ གཞུང་གིས་ འཕྲལ་ཁམས་ཅིག་ཁར་ ཐོ་བཀོད་འབད་མི་ སོ་ནམ་པ་ཚུ་ལས་ ཨ་ལཱན་ཅི་ཉོ་ནི་ཨིནམ་བཞིན་དུ་ མ་བཙོང་པར་ལུས་མི་ ཨ་ལཱན་ཅིའི་ཐོན་སྐྱེད་ ག་དེམ་ཅིག་ཡོདཔ་ཨིན་ན་ དེ་ལུ་ གཞི་བཞག་སྟེ་ མ་དངུལ་གྱི་ རྩིས་བཏོན་འོང་ཟེར་ སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *