ཨ་ལཱན་ཅི་ལུ་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ ཕོག་མི་ལུ་བརྟེན་ གོང་ཚད་ལུ་ གནོད་དོ་ཡོདཔ།

༉ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ རྒྱ་གར་གྱིས་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་ལམ་ལུགས་ འགོ་བཙུགས་པའི་ཤུལ་ལས་ དངུལ་ཐོག་ཨ་ལཱན་ཅིའི་ གོང་ཚད་ལུ་ ཐོ་ཕོག་མི་ལུ་བརྟེན་ གཞུང་གིས་ བར་འཛུལ་འབད་དགོཔ་འདུག་ཟེར་ འབྲུག་པའི་ཚོང་འབྲེལ་པ་ཚུ་གིས་ བཤདཔ་ཨིན་པས།
ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་ ལམ་ལུགས་ཐོག་ རྒྱ་གར་ཅ་དམ་ཡིག་ཚང་གིས་ ས་མཚམས་ཀྱི་ཁྲོམ་དང་ ཚོང་འབྲེལ་མཐུད་སྦྲེལ་ཚུ་ནང་ ཨ་ཡེསི་གེཊ་ཟེར་མི་ ལམ་ལུགས་ཅིག་ གློག་རིག་ཐོག་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ ལམ་ལུགས་དེ་གི་ཐོག་ལས་ ཚོང་འབྲེལ་པ་ཚུ་ལས་ རྒྱ་གར་ཟ་ཆས་ཉེན་སྲུང་དང་ གནས་ཚད་དབང་འཛིན་ཚུ་ལས་ ངོ་སྦྱོར་ལག་ཁྱེར་ཚུ་ ལེནམ་ཨིན་པས།
ཚོང་འབྲེལ་པ་ཚུ་གིས་ ཟ་ཆས་ཉེན་སྲུང་དང་ གནས་ཚད་དབང་འཛིན་གྱི་ ངོ་སྦྱོར་ལག་ཁྱེར་ཚུ་ ཐོབ་ཡོད་རུང་ ད་ཚུན་གྱི་བར་ན་ ཟུར་བརྟག་ལས་ཁང་གི་ ངོ་སྦྱོར་ལག་ཁྱེར་ལེན་མི་ མེདཔ་ཨིན་པས།
འབྲུག་ཟ་ཆས་དང་ ཁྲིམས་དོན་དབང་འཛིན་གྱིས་ ཟུར་བརྟག་ལས་ཁང་དེ་ ངོས་ལེན་འབད་དེ་མེདཔ་ལས་ ལས་ཁང་དེ་གིས་ འབྲུག་པའི་ཚོང་འབྲེལ་པ་ཚུ་ལུ་ ལག་ཁྱེར་མི་བྱིན་དོ་ཡོདཔ་ད་ གནད་དོན་དེའི་སྐོར་ལས་ ཕུན་ཚོགས་གླིང་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ལེན་ཐེངས་མང་རབས་ཅིག་ ཞུ་ཡོདཔ་ཨིན་པས།
མ་གཞི་ ལམ་ལུགས་དེ་ བསམ་རྩེ་ལུ་ འགོ་མ་བཙུགས་པར་ཡོདཔ་ད་ འབྲུག་པའི་ཚོང་འབྲེལ་པ་ཚུ་གིས་ སྐྱེལ་འདྲེན་གྱི་གླ་ཆའི་སྐོར་ ཉོགས་བཤད་བཀོད་ཡོད་རུང་ རང་སོའི་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ བཙོང་པར་འབག་དོ་ཡོདཔ་ལས་ ས་མཚམས་ག་རའི་ནང་ ལམ་ལུགས་དེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
ཚོང་འབྲེལ་པ་ཚུ་གིས་ གཞུང་འབྲེལ་མིན་པའི་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ ཕུན་ཚོགས་གླིང་ འབྲུག་ཕྱིར་ཚོང་ཚོང་ལས་ཀྱི་ འཛིན་སྐྱོང་པ་ ཡེ་ཤེས་དབང་ཕྱུག་གིས་ སླབ་མིའི་ནང་ སི་ལི་གུ་རི་ལུ་ཡོད་མི་ ཁོ་རའི་ ཚོང་ཉོ་མི་ཚུ་ཡང་ ཅ་དངོས་དང་ ཞབས་ཏོག་ཁྲལ་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་རའི་ ཨ་ལཱན་ཅི་ ཉོ་མི་ཚུ་གིས་ ཐོན་སྐྱེད་དེ་ ག་ཏེ་ལས་ ཉོ་ཡི་ག་ གསལ་སྟོན་འབད་ནི་མེདཔ་ལས་ ཁོང་གིས་ ཉོ་མི་བཏུབ་པས་ཟེར་ཨིནམ་ད་ གལ་སྲིད་ ཚོང་འབྲེལ་དེ་ ཁྲིམས་མཐུན་ཐོག་ལས་ མ་འབད་བ་ཅིན་ གོང་ཚད་ཚུ་ ཧེང་སྐལ་ར་ མར་འབབ་འགྱོ་ནི་གི་ འོས་འབབ་འདུག་ཟེར་ཨིན་པས།
ཨ་ལཱན་ཅི་དེ་ ཁྲིམས་མཐུན་ཐོག་ ཚོང་འབྲེལ་མ་འཐབ་པ་ཅིན་ མཐའན་མཇུག་ལུ་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་ནི་ཨིནམ་ད་ ཨ་ལཱན་ཅིའི་ མཁོ་འདོད་བཀོད་མི་མེདཔ་ལས་ རང་བཞིན་གྱིས་ གོང་ཚད་མར་འབབ་འགྱོཝ་མས་ཟེར་ ཡེ་ཤེས་དབང་ཕྱུག་གིས་ བཤདཔ་མ་ཚད་ དཀའ་ངལ་དེ་ དགེ་ལེགས་ཕུག་ནང་ཡང་ བྱུང་སྟེ་འདུག་ཟེར་ བཤདཔ་ཨིན་པས།
ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་ ལམ་ལུགས་དེ་ འགོ་བཙུགས་པའི་ཤུལ་ལས་ ཇའི་སྒང་ཅ་དམ་ཡིག་ཚང་གིས་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ངོ་སྦྱོར་འབད་ནི་ མཚམས་འཇོག་འབད་དེ་ཡོདཔ་ལས་ ཚོང་འབྲེལ་པ་ཚུ་ལུ་ ཀཱོལ་ཀ་ཊ་ལས་ ངོ་སྦྱོར་ལག་ཁྱེར་ཚུ་ ལེན་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ད་རེས་ ཕུན་ཚོགས་གླིང་ལུ་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ དང་༤༨༠ གི་བར་ན་ བཙོང་དོ་ཡོདཔ་ད་ སྤྱི་ལོ་༢༠༠༣ ལུ་ རྒྱ་གར་སོ་ནམ་ལྷན་ཁག་གིས་ ལས་འཆར་དང་པའི་འོག་ལུ་ ནང་འདྲེན་འབད་སའི་ འཛུལ་སྒོ་ནང་དང་ ཐོ་བཀོད་འབད་དགོ་པའི་ ཁྱབ་བསྒྲགས་འབད་ཡོད་རུང་ ད་ལྟོ་ འབྲུག་ལས་ རྒྱ་གར་ལུ་ འཐོན་འགྱོ་སའི་ ས་གོ་ནང་ མ་བཙུགས་པར་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་དོན་ལུ་ ཇའི་སྒང་དང་ བསམ་རྩེའི་དོན་ལུ་ ཅ་མུར་ཅི་ བསམ་གྲུབ་ལྗོངས་མཁར་གྱི་དོན་ལུ་ དཱ་རང་ག་ དེ་ལས་ དགེ་ལེགས་ཕུག་གི་དོན་ལུ་ དཱཌ་ག་རི་ཚུ་ནང་ ཐོ་བཀོད་ནང་མེདཔ་ལས་ དེ་ཚུ་ག་ར་ ཟུར་བརྟག་ལས་ཁང་ཚུ་གིས་ ངོ་སྦྱོང་འབད་དེ་ཡོདཔ་ཨིན་པས།
ཨ་ལཱན་ཅི་ ཚོང་འབྲེལ་འཐབ་མི་ ཕུན་ཚོགས་གླིང་ ཨར་ཨེསི་ཨེ་སྒེར་སྡེའི་ མཉམ་འབྲེལ་མདོ་ཆེན་ སེངྒེ་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ བསྟན་རྒྱས་ལྷན་ཁག་ལུ་ ཞུ་ཡིག་ཕུལ་ཏེ་ཡོད་ཟེར་ཨིནམ་ད་ ད་རེས་ དཀའ་ངལ་སྦོམ་ཤོས་ར་ རྒྱ་གར་ལུ་ ཨ་ལཱན་ཅིའི་ ཐོན་སྐྱེད་ཚུ་ ཁྲིམས་མཐུན་ཐོག་ལས་ ཚོང་འབྲེལ་འཐབ་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ ཨ་ལཱ་ཅི་ ཉོ་མི་ཚུ་གིས་འབད་རུང་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་དོན་ལུ་ ཟུར་བརྟག་ལས་ཁང་གི་ ངོ་སྦྱོར་ལག་ཁྱེར་མེདཔ་ལས་ འབྲུག་པའི་ཨ་ལཱན་ཅི་ཚུ་ ཉོ་མི་བཏུབ་པས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སེངྒེ་རྡོ་རྗེ་གིས་འབད་བ་ཅིན་ ཡིག་ཆ་ཚུ་ གསལ་སྟོན་འབད་ནི་མེདཔ་ལས་ ཨ་ལཱན་ཅི་ ཉོ་མི་ཚུ་གིས་ གོང་ཚད་དམའ་སུ་སྦེ་ཡོདཔ་ད་རྐྱངམ་གཅིག་ ཉོ་དོ་ཡོདཔ་ལས་ མ་འོངས་པ་ལུ་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་དང་ ཟུར་བརྟག་ལས་ཁང་ཚུ་གིས་ ངོ་སྦྱོང་ལག་ཁྱེར་དང་ སྦྲེལ་མཐུད་འབད་བའི་ཤུལ་ལུ་མ་གཏོགས་ ལག་ཁྱེར་ཚུ་ ངོས་ལེན་འབད་མི་བཏུབ་ནི་མས་ཟེར་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ ཨ་ལཱན་ཅི་ ཚོང་འབྲེལ་པ་ཚུ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ འབྲུག་པའི་ཚོང་འབྲེལ་པ་ཚུ་དང་ བར་ཚོང་འཐབ་མི་ཚུ་གིས་ གོང་ཚད་ཚུ་ གཡོ་བཅོས་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *