ཨ་ལཱན་ཅི།

ཨ་ལཱན་ཅི་ཐོན་སྐྱེད་ཀྱི་སྤུས་ཚད་ ལེགས་ལྡན་བཟོ་དགོཔ་ཡོདཔ།

༉ འབྲུག་རྒྱལ་ཁབ་ནང་ དངུལ་ཐོག་ཨ་ལཱན་ཅི་ ཐོན་སྐྱེད་རྒྱ་ཆེ་དྲག་སྦེ་ར་ འབད་དོ་ཡོད་རུང་ ཨ་ལཱན་ཅི་ སྐམ་ས་ལེགས་ཤོམ་ མེད་མི་ལུ་བརྟེན་ སྤུས་ཚད་ལེགས་ཤོམ་མེད་པའི་ཁར་ གོང་ཚད་ཐོབ་མ་ཚུགསཔ་ཨིན་པས།
ཨིན་རུང་ གཞུང་གིས་ ཨ་ལཱན་ཅི་སྐམ་ས་ ཡར་དྲག་བཏང་ཐབས་ལུ་ དར་དཀར་ནང་དང་ རྩི་རང་ བསམ་རྩེ་ གསར་སྤང་ གཞལམ་སྒང་ ཆུ་ཁ་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ཚུ་ནང་ གོང་ཚད་དངུལ་ཀྲམ་༣༠,༠༠༠ གནས་པའི་ ཤིང་ལག་ལེན་འཐབ་ཐོག་ལས་ ཨ་ལཱན་ཅི་སྐམ་སའི་ འཕྲུལ་ཆས་༦༠ གཞི་བཙུགས་འབད་མི་དེ་ གནས་གོང་ཚུ་ ཇོ་བདག་དང་ གཞུང་མཉམ་འབྲེལ་ཐོག་ལས་ སྤྲོད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་གིས་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ སྤུས་ཚད་ཅན་གྱི་ ཐོན་སྐྱེད་འབད་ཐབས་ལུ་ གློག་མེ་ལུ་བརྟེན་པའི་ ཨ་ལཱན་ཅི་སྐམ་འཕྲུལ་ཚུ་ཡང་ དབྱེ་ཞིབ་འབད་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་བའི་སྐབས་ ནད་གཞི་བཟུན་མིའི་ ཨ་ལཱན་ཅི་ སོན་ལག་ལེན་འཐབ་མི་དང་ འཛུགས་སྐྱོང་འབད་ནིའི་ཅ་ཆས་ཐོབ་མ་ཚུགས་པར་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ གཞུང་གིས་ སྤུས་ཚད་ཅན་གྱི་ ཨ་ལཱན་ཅི་ ཐོན་སྐྱེད་འབད་ཐབས་ལུ་ སོན་གསོ་སྐྱོང་ཁང་ཅིག་ཡང་ གཞི་བཙུགས་འབད་དེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
ལས་ཁུངས་ཀྱི་སྙན་ཞུ་དང་འཁྲིལཝ་ད་ ཨ་ལཱན་ཅི་འཛུགས་སྐྱོང་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ སོན་གསོ་སྐྱོང་ཁང་དེ་ བསམ་གཏན་གླིང་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སོན་༤༠,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནི་ཨིནམ་ལས་ དེ་གིས་ ལོ་བསྟར་བཞིན་དུ་ ས་ཆ་ཨེ་ཀར་༢༦.༤ དེ་རེ་ ཁྱབ་ཚུགས་ནི་ཨིན་པས།
འདས་པའི་ལོ་ཚུ་ནང་ ཨ་ལཱན་ཅི་ཐོན་སྐྱེད་ མཁོ་མངགས་འབད་མི་ ཡར་སེང་སོང་མི་དང་བསྟུན་ ཐོན་སྐྱེད་ཡང་ ཡར་དྲག་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ ཨ་ལཱན་ཅི་ མི་ཊིག་ཊཱོན་༡,༥༠༠ དེ་ཅིག་ ཡར་སེང་སོང་མི་གིས་ དངུལ་ཀྲམ་ས་ཡ་༡,༣༤༢ བཟོ་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ ནད་གཞི་བཟུན་ཡོད་པའི་ ཨ་ལཱན་ཅི་སོན་ཚུ་ བསྐྱར་གསོ་དང་ སོན་གསརཔ་འཛུགས་སྐྱོང་འབད་ནིའི་དོན་ལུ་ གཞུང་གིས་ དངུལ་འབྲེལ་དང་ འཕྲུལ་རིག་གི་ རྒྱབ་སྐྱོར་ཚུ་གནང་ཡོདཔ་མ་ཚད་ དམིགས་བསལ་དུ་ སྐམ་སའི་མཐུན་རྐྱེན་ ཡར་དྲག་གཏང་ནི་ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་དང་ རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བ་གིས་ མཉམ་འབྲེལ་ཐོག་ལས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠༠ དང་༡,༤༠༠ གི་བར་ན་ ཐོབ་ཡོད་རུང་ ན་ཧིང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ དང་༨༠༠ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
རྒྱལ་ཁབ་ནང་ལས་ ཨ་ལཱན་ཅིའི་ ཐོན་སྐྱེད་ ཡར་སེང་སོང་མི་ལུ་བརྟེན་ སྤྱི་ལོ་༢༠༡༠ དང་༢༠༡༥ ལུ་ བང་ལ་དེཤ་ལུ་ རྒྱ་ཆེ་དྲག་སྦེ་ར་ ཕྱིར་ཚོང་འཐབ་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ རྒྱ་གར་ལུ་ མང་སུ་ཅིག་ཕྱིར་ཚོང་འཐབ་ནུག།
ཨ་ལཱན་ཅི་ མཁོ་མངགས་འབད་མི་ ཡར་སེང་འགྱོཝ་ད་འབྲེལ་ གོང་ཚད་ལེགས་ཤོམ་ཐོབ་མི་གིས་ སྤྱི་ལོ་༢༠༡༢ ལུ་ ཨ་ལཱན་ཅི་ མི་ཊིག་ཊཱོན་༦༤༣ དང་ སྤྱི་ལོ་༢༠༡༦ ལུ་ མི་ཊིག་ཊཱོན་༢,༥༠༠ དེ་ཅིག་ ཚོང་འབྲེལ་འཐབ་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
སྤྱི་ལོ་༢༠༡༥ ལུ་ ས་ཆ་ཨེ་ཀར་༤,༢༩༣.༧༣ ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ཐོག་ལས་ མེ་ཊིག་ཊཱོན་༢,༠༩༡ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཨ་ལཱན་ཅི་ འཛུགས་སྐྱོང་འཐབ་མི་ ལེ་ཤ་ཡོད་མི་ལུ་བརྟེན་ གོང་ཚད་ལུ་ ཐོ་ཕོགཔ་མས་ཟེར་ ཚ་གྱང་ལང་སྟེ་ཡོད་རུང་ བརྟག་ཞིབ་འབདཝ་ད་ སྤུས་ཚད་ཀྱི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ སྙན་ཞུའི་ནང་བཀོད་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ དངུལ་ཐོག་ཨ་ལཱན་ཅི་ཚུ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་དང་ ཚོང་ལམ་གྱི་ རྒྱབ་སྐྱོར་བྱིན་ནིའི་དོན་ལུ་ གཞུང་གིས་ ཨ་ལཱན་ཅི་དེ་ འབྲུག་ཟ་སྤྱོད་ལས་འཛིན་ནང་ ཉེར་སྤྱོད་མཁོ་ཆས་ཅན་གྱི་ གྲངས་སུ་ བཙུགས་ཏེ་ཡོདཔ་ལས་ ལས་འཛིན་གྱིས་ ཨ་ལཱན་ཅི་གི་ གོང་ཚད་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༤༠ སྦེ་ བཞག་སྟེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༩༤༠.༨༥ གནས་པའི་ ཨ་ལཱན་ཅི་གི་ཐོན་སྐྱེད་ མི་ཊིག་ཊཱོན་༨༤༥ དེ་ཅིག་ བང་ལཱ་དེཤ་ལུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *