ཨ་ལཱན་ཅི་གི་ཚོང་འབྲེལ་ སྟབས་བདེ་ཏོག་ཏོ་བཟོ་དགོཔ།

༉ ན་ཧིང་སྤྱི་ཟླ་༧ པའི་ནང་ རྒྱ་གར་ལུ་ ཅ་ཆས་དང་ཞབས་ཏོག་ཁྲལ་ བཀལ་མི་དེ་གིས་ འབྲུག་རྒྱལ་ཁབ་ནང་ཡང་ ཕྱིར་ཚོང་འཐབ་ནི་ལུ་ དཀའ་ངལ་བྱུང་སྟེ་འདུག།
རྒྱ་གར་ལུ་ ཨ་ལཱན་ཅི་ཕྱིར་ཚོང་འཐབ་པའི་སྐབས་ ལམ་ལུགས་དང་འཁྲིལ་ ལཱ་ལེ་ཤ་འབད་དགོ་དོ་ཡོདཔ་ད་ རྒྱལ་ཁབ་ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་དང་ ཕྱིར་ཚོང་འཐབ་མི་ཚུ་ ཕྱིར་ཚོང་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་པའི་ཁར་ དུས་ཅི་ སྤྱི་ཟླ་༡༡ པའི་ཚེས་༢༨ ལས་འགོ་བཙུགས་ ཕྱིར་ཚོང་འཐབ་མི་ཚུ་ བསྒུག་སྡོད་དགོཔ་ཐོན་ནུག།
ཅ་ཆས་དང་ཞབས་ཏོག་ཁྲལ་ ལག་ལེན་འཐབ་མི་ལུ་བརྟེན་ ངོ་སྦྱོར་ལམ་ལུགས་ཚུ་ ལེ་ཤ་འབད་དགོ་པའི་དཀའ་ངལ་ ཐོན་དོ་ཡོདཔ་བཞིན་དུ་ ས་མཚམས་བདའ་སྟེ་ ལམ་ལུགས་གཞི་བཙུགས་འབད་མི་ཚུ་གིས་ བརྟག་དཔྱད་ཉོགས་མེད་ལག་ཁྱེར་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་མས།
རྒྱ་གར་གྱི་ བརྟག་དཔྱད་ཞབས་ཏོག་དེ་གིས་ འབྲུག་པའི་ཨ་ལཱན་ཅི་ལུ་ ཉོགས་མེད་ལག་ཁྱེར་ མི་བྱིན་དོ་ཡོད་པའི་ཁར་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་བྱིན་མི་ ཉོགས་མེད་ལག་ཁྱེར་དེ་ ས་མཚམས་བདའ་སྟེ་ ངོས་ལེན་འབད་མི་བཏུབ་དོ་ཡོདཔ་ཨིན་མས།
ན་ཧིང་ལས་ར་ གནད་དོན་དེ་ལུ་ ཚ་གྱང་ཡོད་ལུགས་ཚུ་ བསྡུ་ལེན་འབད་དེ་ ཡིག་ཐོག་ལུ་བཀོད་ཡོད་རུང་ དཀའ་ངལ་དུམ་གྲ་ཅིག་ བསལ་ཚུགས་དོ་བཟུམ་མའི་ མཐོང་གསལ་བྱུང་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ཕྱི་འབྲེལ་བློན་པོ་གིས་ གནད་དོན་དེ་ལུ་ བརྟག་ཞིབ་འབད་དགོཔ་སྦེ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ལུ་ ཞུ་བ་འབད་ནུག།
དེ་བཟུམ་སྦེ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་དང་ སོ་ནམ་ལྷན་ཁག་གིས་ ནིའུ་ལྡི་ལིའི་ མཐུན་འབྲེལ་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་འགོ་འདྲེན་འཐབ་ནི་ལུ་ཡང་ ཧེ་མ་ལས་ ལཱ་འབད་བའི་བསྒང་ཡོདཔ་ད་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་སྦོམ་ཤོས་ཅིག་ཨིན་མི་ ཨ་ལཱན་ཅི་དེ་ ལྷོ་མཚམས་ལུ་སྡོད་མི་ སོ་ནམ་པ་ཚུ་གི་དོན་ལུ་ དངུལ་ཐོག་ངོ་མ་ཅིག་ཨིན།
ང་བཅས་ཀྱིས་ ཨ་ལཱན་ཅི་ཚུ་ རྒྱ་གར་དང་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་དོ་ཡོད་རུང་ ཚོང་འབྲེལ་དེ་ལུ་ ཧེ་མ་ལས་ དཀའ་ངལ་ཐོན་ཏེ་ཡོདཔ་ད་ བར་ཚོང་རྐྱབ་མི་ཚུ་གིས་ གོང་ཚད་མེདཔ་བཏང་མི་དང་ ཁྲོམ་ཁར་སྤུས་ཚད་ལེགས་ཤོམ་མེད་མི་དེ་གིས་ ཨ་ལཱན་ཅིའི་ཚོང་འབྲེལ་ལུ་ གདོང་ལེན་བྱུང་ནུག།
གོང་ཚད་མར་བབས་སོང་མི་དེ་གིས་ སོ་ནམ་པ་ཚུ་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ནི་ལུ་ སྤོ་སྟོབས་ཉམས་དོ་ཡོདཔ་ད་ དཀའ་ངལ་སེལ་ཐབས་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ ས་མཚམས་བདའ་སྟེ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ངོ་སྦྱོར་ལག་ཁྱེར་ལུ་ ག་ཅི་སྦེ་ ངོས་ལེན་མེདཔ་ཨིན་ན་ ཧ་གོ་དགོ་པའི་ གཞི་གནད་ཅིག་ཨིན་མས།
དབང་འཛིན་དང་ འབྲུག་གི་གནས་ཚད་ལས་ཁང་༢ ཀྱི་ འགན་དབང་གཅིག་མཚུངས་བཟུམ་ཅིག་ཡོད་རུང་ རྒྱལ་ཡོངས་ཀྱི་ གནས་ཚད་བཟོ་ནིའི་ནང་ དུམ་གྲ་ཅིག་ བལྟ་དགོཔ་འདུག།
ང་བཅས་ཀྱིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ ཕན་གནོད་ཚུ་ ཧ་གོཝ་ལས་ དེ་གི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ནི་དང་ ཐབས་ལམ་ཚུ་ བསྒྲིག་ནིའི་དོན་ལུ་ འཐུས་མི་སྡེ་ཚན་ཅིག་ རྒྱ་གར་ལུ་ བཏང་ཡོདཔ་ད་ ཨ་ལཱན་ཅིའི་ཐད་ཁར་ སོ་ནམ་པ་དང་ དངུལ་ཐོག་ཚུ་ལུ་ དེ་གི་ཕན་གནོད་ལ་སོགས་པ་ཚུ་གི་ གྲ་སྒྲིག་འབད་ནིའི་དོན་ལུ་ ཧ་མ་གོ་བས་ཟེར་ཨིན་མས།
ད་རེས་ དོན་གཅོད་མཐུན་ལམ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་དོ་ཡོདཔ་ལས་ ལམ་ལུགས་ལེགས་ཤོམ་གྱི་ཐོག་ལས་ ཚོང་འབྲེལ་དང་ མཐུན་ལམ་སྒྲིང་སྒྲི་ བཟོ་དགོཔ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *