༉ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་ཀྱིས་ ཉིན་གྲངས་༢༠ འི་རིང་ ས་རྫམ་བཟོ་ཐངས་ཀྱི་ སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་མི་དེ་གིས་ སོ་ནམ་པ་༡༠ འབད་མི་ སྡེ་ཚན་ཅིག་ལུ་ ས་རྫམ་གྱི་ ཚོང་འབྲེལ་འཐབ་ནི་གི་ སེམས་ཤུགས་བྱུང་ནུག།
དེ་ཡང་ ཨ་རོང་རྒེད་འོག་ མེན་ཆ་རི་ལས་ ཕོ་སྐྱེས་༢ དང་ ཨམ་སྲུ་༨ ཀྱིས་ རྫ་བཟོའི་སྦྱོང་བརྡར་འབད་བའི་ཤུལ་ལུ་ སྡེ་ཚན་བཟོ་སྟེ་ ས་རྫམ་གྱི་ ཚོང་འབྲེལ་འཐབ་ཐོག་ལས་ མི་ཚེ་སྐྱོང་ནིའི་ འཆར་གཞི་བརྩམ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༥ ལང་མི་ སོ་ནམ་པ་ ལུང་བསྟན་སྒྲོལ་མ་གིས་ སླབ་མིའི་ནང་ ས་རྫམ་གྱི་སྐོར་ལས་ ཧེ་མ་ལས་ར་ གོ་ཡོད་རུང་ རྫམ་དེ་ཚུ་ ག་དེ་སྦེ་ བཟོཝ་ཨིན་ན་ ཤེས་རྟོགས་མེད་ཟེར་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༡ ལས་ ཟླ་༦ པའི་ཚེས་༩ ཚུན་ སྦྱོང་བརྡར་འབདཝ་ད་ བཅའ་མར་གཏོགས་མི་ཚུ་གིས་ ས་རྫམ་ལྷམ་པ་མ་འདྲཝ་༩ དེ་ཅིག་ཡོད་མིའི་གྲས་ལས་ རྣ་ཅན་མ་དང་ ཝ་ལི་ཆུ་ཅན་ བསངས་ཕོར་ མེ་རྫ་འབདཝ་ད་ ལྷམ་པ་མ་འདྲཝ་༤ བཟོ་ཐངས་ ལྷབ་ཡོདཔ་མ་ཚད་ མེ་ཏོག་བཙུགས་ནིའི་ དམ་སྦྱིས་ཚུ་ཡང་ ལྷབ་ཅི་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་གིས་ སྡེ་ཚན་བཟོ་ཐོག་ལས་ ཚོང་འབྲེལ་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ རྫམ་བཟོ་ནིའི་དོན་ལུ་ ས་རྩི་དགོཔ་ལས་ ཁོང་གི་ ས་ཁོངས་ནང་ འདི་བཟུམ་མའི་ རྩི་ཡོད་མི་ ས་མེད་མི་ལུ་བརྟེན་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ འཕྲུལ་ཆས་ལག་ལེན་འཐབ་ནི་མ་གཏོགས་ ལགཔ་གིས་ རྫམ་བཟོ་མི་བཏུབ་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ འགོ་འདྲེན་པ་གིས་ ལྷུན་རྩེ་ལས་ ས་ཉོ་འབག་འོང་ཡོད་མི་དེ་ ལག་ལེན་འཐབ་སྟེ་ རྫམ་བཟོ་ཡོདཔ་ད་ ཤུལ་མའི་ཟླཝ་ནང་ ད་རུང་ འཕྲུལ་ཆས་ཀྱི་ཐོག་ལས་ ས་རྫམ་བཟོ་ཐངས་ཀྱི་ སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཨ་རོང་སློབ་གྲྭ་ལྟེ་བ་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ ཚེ་དབང་བསྟན་འཛིན་དང་ ཨྱོན་མཚོ་མོ་༢ ཀྱིས་ སླབ་མིའི་ནང་ ས་རྫམ་བཙོང་སའི་ ཁྱིམ་རྐྱབ་ནིའི་དོན་ལས་ ད་ལྟོ་ ས་བལྟ་དོ་ཟེར་ཨིནམ་ད་ ད་རེས་ རྫམ་གྱི་རིགས་༤ དེ་ཅིག་ལས་ མ་ཤེས་རུང་ ཤུལ་མའི་སྦྱོང་བརྡར་ནང་ ག་ར་ཤེས་ཚུགསཔ་འབད་ནི་ཟེར་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ ས་བརྡུང་ཐངས་དང་ འདམ་བཟོ་ཐངས་ཚུ་ སློབ་སྟོན་འབད་ཡོདཔ་ད་ རྫམ་དེ་ཚུ་ལུ་བརྟེན་ ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་ཡོདཔ་ལས་ ཁོང་གིས་ ད་ལྟོ་ལས་ར་ རྫམ་བཟོ་མི་དང་ བཙོང་མི་ཚུ་ ངོས་འཛིན་འབད་ཡོདཔ་མ་ཚད་ གཡུས་མི་སྤྲོ་བ་བསྐྱེད་མི་ཚུ་ ཡོད་པ་ཅིན་ རྫམ་བཟོ་ཐངས་ སྟོན་བྱིན་ནིའི་ རེ་བ་ཡོད་ཟེར་ ཁོང་གིས་ བཤདཔ་ཨིན་པས།
ལྷུན་རྩེ་སྒང་ཟུར་ལས་ སྐྱེས་ལོ་༢༢ ལང་མི་ སློབ་སྟོན་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྲོ་བ་བསྐྱེད་ཐོག་ལས་ ལྷབ་ཡོདཔ་ལས་ ཤུལ་ལས་ ས་རྫམ་ཀྱི་ ལམ་ལུགས་དེ་ དར་ཁྱབ་འབད་ཚུགས་པའི་ གོ་སྐབས་མཐོང་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ཡང་ ས་རྫམ་གྱི་ ཚོང་འབྲེལ་འཐབ་མི་ཅིག་འབདཝ་ལས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོད་མི་ལུ་བརྟེན་ ཤེས་ཡོན་ལྷབ་ཚར་བའི་ཤུལ་ལས་ ངེས་པར་དུ་ ལཱ་གཡོག་དགོཔ་མིན་འདུག་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ ཨམ་སྲུ་ཚུ་ལུ་ དབང་ཆ་བྱིན་ནི་དང་ ན་གཞོན་ཚུ་ལུ་ རིག་རྩལ་དང་ ཤེས་ཡོན་སྤྲོད་ཐོག་ལས་ ཁོང་ར་གིས་ ལཱ་གཡོག་བཟོ་ཚུགསཔ་འབད་ནི་ དེ་ལས་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་མི་ མར་ཕབ་འབད་ནི་དང་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྦྱོང་བརྡར་ཤོ་ཐེངས་༢ པའི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ རྫམ་བཟོ་བཀོད་འབད་ནི་དང་ ཚོང་ཁྲོམ་ལ་སོགས་པའི་སྐོར་ལས་ སྦྱོང་བརྡར་བྱིན་ནི་ཨིནམ་བཞིན་དུ་ ས་རྫམ་གྱི་ ཚོང་ཁང་ཅིག་ རྐྱབ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ད་ ལས་འགུལ་གྱི་དོན་ལུ་ ཧེལ་བ་ཊཱསི་བརྒྱུད་དེ་ ཡུ་རོ་པིན་ཡུ་ནི་ཡཱན་གྱིས་ མ་དངུལ་རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།