གསརཔ་སྒྲུབ་པའི་བསྒང་ཡོད་མི་ ཨ་མོ་ཆུ་ཟམ།

ཨ་མོ་ཆུ་ཟམ་ སྤྱི་ལོ་༢༠༠༩ ལས་རྐྱབ་ནི་ འགོ་བཙུགས་ཡོད་རུང་ བསྒྲུབ་མ་ཚུགས་པར་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཕུན་ཚོགས་གླིང་ལུ་ ཉིནམ་ལེགས་ཤོམ་སྦེ་ ཤར་སྡོདཔ་ད་ བསམ་རྩེ་རྟ་སྡིངས་ལས་ རམ་བྷ་དུར་ པཱག་རིན་གྱིས་ ཨ་མོ་ཆུ་བརྒལ་ཏེ་ འགྱོཝ་ཨིན་པས།
ཁོ་གིས་ སྒལ་ཏོ་ཁར་ ལྗིད་ཚད་ཀེ་ཇི་༣༠ འབད་མི་ འབག་ཐོག་ལས་ གཙང་ཆུ་དེ་གི་ སྤྲིང་ཟམ་གུ་ལས་སྦེ་འགྱོ་སར་ མཐོང་གསལ་བྱུངམ་ཨིན་པས།
རམ་བྷ་དུར་པཱག་རིན་དེ་ པུར་སྦས་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་དེ་གུ་ལས་ ཨ་མོ་ཆུ་བརྒལ་འགྱོ་ནི་ལུ་ རེ་བ་བསྐྱེད་དེ་ ལོ་༨ དེ་ཅིག་ ལང་སོ་རུང་ ཟམ་དེ་ བསྒྲུབ་མ་ཚུགས་པར་ དེ་སྦེ་ར་ ལུས་ཏེ་ཡོདཔ་ཨིན་པས།
པུར་སྦས་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༩ གི་ ས་གནས་ཁར་ཨིནམ་ད་ ཟམ་དེ་ རྐྱབ་ཚར་བའི་བསྒང་ལས་ ཕུན་ཚོགས་གླིང་དང་ བསམ་རྩེའི་བར་ན་ རྒྱལ་ཁབ་ནང་འཁོད་ལས་ར་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པས།
རམ་བྷ་དུར་བཟུམ་སྦེ་ མི་གཞན་ཡང་ ལེ་ཤ་ཅིག་གིས་ར་ ཟམ་བསྒྲུབ་ནི་ལུ་ སྒུག་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཟམ་དེ་ བསྒྲུབ་དགོ་པའི་ དུས་ཚོད་ལས་ ལན་ཐེངས་དག་པ་ཅིག་ར་ ཕྱིས་ཏེ་ལུས་ཡོདཔ་ཨིན་པས།
པཱན་བ་རི་ལས་ སྣུམ་འཁོར་བོ་ལེ་རོ་གི་དེད་གཡོགཔ་ ཤེར་བྷ་དུར་ བུ་ཇེལ་གྱིས་ སླབ་མིའི་ནང་ ཟམ་དེ་ བསྒྲུབ་པའི་བསྒང་ལས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
ཟམ་དེ་གིས་ མི་སེར་ཚུ་ འགྲོ་འགྲུལ་འཐབ་ནི་ལུ་ བྱ་སྟབས་བདེ་དྲགས་ འབྱུང་ནི་གིས་མ་ཚད་ དམིགས་བསལ་དུ་ ནདཔ་ཚུ་ ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིནམ་ད་ ཤེར་བྷ་དུར་གྱིས་འབད་བ་ཅིན་ ཟམ་དེ་ བཟོ་སྐྲུན་འབད་ནི་འགོ་བཙུགས་ཏེ་ ལོ་༩ དེ་ཅིག་ཡང་ ལང་སོ་ཡི་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་འབད་བ་ཅིན་ ད་རེས་ ཧཱལ་ཧཱ་ལེ་ལས་ ཕུན་ཚོགས་གླིང་ལྷོད་ནི་ལུ་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༤༠ འགོར་དོ་ཡོདཔ་ཨིན་རུང་ ཟམ་བསྒྲུབ་པའི་བསྒང་ལས་ འགྲུལ་སྐྱོད་ཀྱི་ དུས་ཡུན་ཡང་ ཐུང་ཀུ་འགྱོ་ནི་ཨིན་པས།
ཕུན་ཚོགས་གླིང་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ ད་ཚུན་གྱི་བར་ན་ ལཱ་དེ་ དགོས་མཁོ་དང་བསྟུན་པའི་ གྲུབ་འབྲས་བཏོན་མ་ཚུགས་མི་ལུ་བརྟེན་ དགའ་སེངཔ་བཟོ་སྐྲུན་དང་ དེ་གི་མཉམ་འབྲེལ་བ་ ནེ་པཱལ་གྱི་ ཁག་འབག་ལས་སྡེ་ ཀ་ལི་ཀ་བཟོ་སྐྲུན་ དེ་ལས་ དེ་གི་ཤུལ་ལས་ བུ་ཊཱན་བིལ་ཌརསི་དང་ དེ་གི་མཉམ་འབྲེལ་བ་ རྒྱ་གར་གྱི་ལས་སྡེ་ ཌི་ཀེ་བཟོ་རིག་དང་ བཟོ་སྐྲུན་ལས་སྡེ་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ མ་གཞི་ བརྡ་བརྒྱུད་ཚུ་ནང་ ཨ་མོ་ཆུ་གི་ཟམ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ས་ཁོངས་ནང་ འགྱོ་བལྟ་བའི་བསྒང་ལས་ ལཱ་གི་གྲུབ་འབྲས་ཚུ་ སྐྱོ་དྲགས་ཅིག་ལས་ མིན་འདུག་ཟེར་ཨིན་པས།
གཡུས་མི་བིམ་ལཱལ་ མོག་ཏཱན་གྱིས་ བཤད་མིའི་ནང་ གཞུང་གིས་ གྲོང་གསེབ་གཡུས་ཚན་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ལེ་ཤ་ཅིག་ར་ གནང་སྟེ་ཡོདཔ་ཨིན་རུང་ ཟམ་མེད་མི་ལུ་བརྟེན་ མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ ཡོད་ཟེར་ཨིནམ་ད་ ཟམ་དེ་ རྐྱབ་ནིའི་དོན་ལུ་ དུས་ཡུན་རིངམོ་སྦེ་འགོར་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་མི་གོ་བས་ཟེར་ བཤདཔ་ཨིན་པས།
རིང་ཚད་མི་ཊར་༡༧༥ འབད་མི་ ཨ་མོ་ཆུ་གི་ཟམ་དེ་ སྤྱི་ལོ་༢༠༠༩ ཟླ་༤ པའི་ནང་ལས་ བཟོ་སྐྲུན་འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༡༡ ཟླ་༩ པའི་ནང་ བསྒྲུབ་དགོཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ གྲུབ་འབྲས་ལེགས་ཤོམ་སྦེ་ བཏོན་ཡོད་རུང་ སྤྱི་ལོ་༢༠༡༥ ལུ་ ཆུ་རུད་ལུ་བརྟེན་ གནོད་སྐྱོན་བྱུང་སྟེ་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།
ཟམ་དེ་ རྒྱལ་ཁབ་ནང་ རིང་ཤོས་ཅིག་འོང་ནི་དང་ ཕུན་ཚོགས་གླིང་དང་ བསམ་རྩེའི་བར་ན་ ཀི་ལོ་མི་ཊར་༥༨ ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ཟམ་བཟོ་སྐྲུན་གྱི་ ཉམས་བཅོས་འབད་ནིའི་ལཱ་ ལོག་སྟེ་ར་ རིན་བསྡུར་ཐོག་ལས་ སྤྲོད་དེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *