ཨ་མོ་ཆུ་ཟམ།

ཨ་མོ་ཆུ་ཟམ་ ལྟ་བཤལ་པའི་ས་ཁོངས་ལུ་ གྱུར་ཏེ་ཡོདཔ།

༉ རིང་ཚད་མི་ཊར་༡༧༥ འབད་མི་ ཨ་མོ་ཆུ་ཟམ་དེ་ ས་གནས་ཀྱི་ མི་སེར་ཚུ་དང་ ས་མཚམས་ཁྲོམ་སྡེ་ཚུ་ནང་ལས་འོང་མི་ ལྟ་བཤལཔ་ཚུ་གི་དོན་ལུ་ བཤལ་སྡོད་སའི་ ས་ཁོངས་གཙོ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ ས་ཁོངས་དེ་ནང་ འོང་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ ཟམ་རིང་ཤོས་ཅིག་ཨིན་པའི་ཁར་ བཟོ་བཀོད་མ་འདྲཝ་སྦེ་ རྐྱབ་ཡོད་མི་དང་ མཛེས་ཆ་དང་ལྡན་པའི་ མཐོང་སྣང་ལུ་བརྟེན་ཨིན་པས།
ཁ་ཙ་ ཟམ་དེ་ཁར་ བཤལ་བར་འོང་མི་ཅིག་ ཇའི་སྒང་ལས་ ཀི་ལོ་མི་ཊར་༡༠༠ ལྷགཔ་ཅིག་གི་ས་གནས་ ཁར་སྡོད་མི་ ཀུཆི་བི་ཧར་ཁྲོམ་ལས་ སྐྱེས་ལོ་༣༠ ལང་མི་ དི་པ་ཡཱན་མཱན་ཌལ་དེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ས་གནས་དེ་ཁར་ ཁོ་རའི་བཟའ་ཚང་ཁྱིད་དེ་ ད་རུང་ ལོག་འོང་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྕགས་ཟམ་དེ་གི་སྦོ་ལོགས་ཁར་ སྤྲིངས་ཟམ་རྙིངམ་ཅིག་ ཡོད་མི་དེ་གིས་ ས་ཁོངས་དེ་ ཧེང་སྐལ་ར་ མཛེས་ཏོག་ཏོ་སྦེ་ མཐོང་དོ་ཡོདཔ་ད་ སྤྱིར་བཏང་ལུ་ ས་ཁོངས་ཆ་མཉམ་ མཛེས་ཆ་དང་ལྡནམ་སྦེ་ མཐོང་མས་ཟེར་ཨིན་པས།
དི་པ་ཡཱན་མཱན་ཌལ་དེ་ ཁ་ཙ་ཁོ་རའི་ཆ་རོགས་ སྐྱེས་ལོ་༤༠ ལང་མི་ སའུ་མིག་གིས་ ཁྱིད་འོང་ཡོདཔ་ད་ ཁོ་ར་ ས་ཁོངས་དེ་ནང་ ཐེངས་༢ པ་ལྷོད་ཡོདཔ་བཞིན་དུ་ ཟམ་གྱི་མཛེས་ཆ་དེ་ དྲན་སྣང་ལུ་བྱུང་དོ་ཡོདཔ་ལས་ བཤལ་བར་འོང་ཡི་ཟེར་ཨིན་པས།
སའུ་མིག་རོའི་གིས་ སླབ་མིའི་ནང་ ཁོ་གིས་ ཀུཆི་བི་ཧར་ལུ་ཡོད་མི་ ངོ་ཤེས་ འདྲིས་ཤེས་ཆ་མཉམ་ལུ་ ཨ་མོ་ཆུ་ཟམ་གྱི་ མཛེས་ཆའི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་ཅི་ཟེར་ཨིནམ་ད་ ད་རེས་ནངས་པར་ འཁོར་ལམ་གྱི་ སྤུས་ཚད་ཡང་ ཧེ་མ་ ཟམ་བཟོ་སྐྲུན་འབད་བའི་བསྒང་ ལྷོད་མི་དང་ཕྱདཔ་ད་ ཡར་དྲག་སོང་ཡོདཔ་མ་ཚད་ གྱུར་བ་སྦོམ་ཡར་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟམ་དེ་ མཛེས་ཏོག་ཏོ་སྦེ་ འགྲན་ཟླ་མེད་པའི་ས་ཁོངས་ཅིག་ནང་ ཆགས་ཡོདཔ་མ་ཚད་ ཀུཆི་བི་ཧར་ལུ་ དེ་བཟུམ་མའི་མཐོང་སྣང་ མཐོང་ནི་མེད་ཟེར་ཨིན་པས།
ད་རུང་ ཇའི་སྒང་ལས་ རོ་ནི་བིཤ་བ་གིས་ ཁ་ཙ་འབདཝ་ད་ ས་ཁོངས་དེ་ནང་ ཐེངས་༣ པ་ ལྷོད་ཡོདཔ་ད་ ཁོ་གིས་ བཟའ་ཚང་དང་ ཆ་རོགས་ཚུ་ ཧེ་མ་ལས་ ཁྱིད་བསྐྱལ་ཡོདཔ་ད་ ས་གནས་དེ་ཁར་འགྱོ་ནི་ལུ་ སྤྲོ་བ་བྱུངམ་མས་ཟེར་ཨིན་པས།
ས་མཚམས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ སྒོ་ར་བརྒལ་ཏེ་ ཕར་ཚུར་འགྲོ་འགྲུལ་འབད་བཅུག་པ་ཅིན་ ཟམ་དེ་ ལྟ་བཤལ་པའི་ས་ཁོངས་ དྲག་ཤོས་ཅིག་འོང་ནི་མས་ཟེར་ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༠༩ ལུ་ འགོ་བཙུགས་ཏེ་ ལོ་༩ གི་རྒྱབ་ལས་ དུས་ཅི་ སྤྱི་ཟླ་༧ པའི་ནང་ འགོ་བྱེད་འབད་བའི་ཤུལ་ལུ་ ཡོངས་གྲགས་ཐོན་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ བདུན་ཕྲག་ངལ་གསོ་སྐབས་ ཟམ་གྱི་ས་ཁོངས་ནང་ལས་ཕར་ བཤལ་བར་འགྱོ་དོ་ཡོདཔ་ཨིན་པས།
ཁ་ཙ་ཉིན་མར་ བསོད་ནམས་རྒྱལ་མཚན་དེ་ བསམ་རྩེ་ལས་ ཐིམ་ཕུག་ལུ་ འོང་པའི་ལམ་ཁར་ ཟམ་དེ་ཁར་ལྷོདཔ་ད་ པར་བཏབ་སྡོད་སར་མཐོང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཟམ་དེ་ ཕྱི་རུ་ག་བཟུམ་མཐོང་འོང་ག་ བལྟ་ནིའི་དོན་ལུ་ གནམ་མ་བསྲོཔ་ཚུན་ སྒུག་སྡོད་ཅི་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་ བསོད་ནམས་རྒྱལ་མཚན་གྱིས་ སླབ་མིའི་ནང་ འདས་པའི་ལོ་༧ གྱི་རིང་ ཁོ་བསམ་རྩེ་ལུ་ སྡོད་པའི་སྐབས་ ཟམ་རྐྱབ་སར་མཐོང་ཡོདཔ་ད་ ཟམ་དེ་ ཕྱི་རུ་ཟླ་བའི་འོད་ཕོགཔ་ད་ མཛེས་ཏོག་ཏོ་སྦེ་ མཐོང་པའི་སྐོར་ལས་ གོ་ཡི་ཟེར་ཨིན་པས།
ཨ་མོ་ཆུ་ཟམ་གྱི་ འགེགས་སྲུང་སྒོ་ར་ལུ་སྡོད་མི་ ཁྲིམས་སྲུང་འགག་སྡེ་དང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་ས་ཁོངས་ནང་ ལྟ་བཤལཔ་མངམ་ བདུན་མཐའ་ཚུ་ནང་ འོངམ་མས་ཟེར་ཨིན་པས།
ཟམ་དེ་གིས་ ནང་འཁོད་གཞུང་ལམ་བདའ་སྟེ་ ཕུན་ཚོགས་གླིང་དང་ བསམ་རྩེ་མཐུད་སྦྲེལ་འབད་དོ་ཡོདཔ་ད་ ཕུན་ཚོགས་གླིང་ལས་ བསམ་རྩེ་ཚུན་ ཀི་ལོ་མི་ཊར་༨༡.༢ ཡོད་ས་ལས་ ད་ལྟོ་ ཀི་ལོ་མི་ཊར་༥༧ གུ་ མར་ཕབ་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *