༉ ཕུན་ཚོགས་གླིང་དང་ བསམ་རྩེ་བར་ན་ མཐུད་སྦྲེལ་འབད་ནི་ཨིན་མི་ ཨ་མོ་ཆུ་ཟམ་གྱི་ བཟོ་སྐྲུན་ལཱ་ འགོ་བཙུགས་ཏེ་ ལོ་༩ དེ་ཅིག་སོང་བའི་ཤུལ་ལུ་ ཟམ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༥ དེ་ཅིག་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་འབད་བ་ཅིན་ གནམ་གཤིས་ཀྱིས་ བར་ཆད་མ་རྐྱབ་པ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ དོགས་པ་མེད་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ཟླ་༩ པའི་ནང་ འགོ་བཙུགས་མི་ ཟམ་དེ་ སྤྱི་ཟླ་༣ པའི་ནང་ འགོ་འབྱེད་འབད་དགོཔ་ཨིན་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ཨིན་པས།
ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩི་ནག་གཏང་ནི་དང་ གློག་མེ་བཙུགས་ནིའི་ ལཱ་རྐྱངམ་གཅིག་ ལུས་ཡོདཔ་ལས་ སྤྱི་ཟླ་༦ པའི་ཚེས་༡༥ དེ་ཅིག་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་རུང་ གནམ་གཤིས་ལུ་ རག་ལས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་པ་ཅིན་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགས་ཟེར་ཨིནམ་ད་ གནམ་གཤིས་ཀྱིས་ བར་ཆད་མ་རྐྱབ་པ་ཅིན་ བདུན་ཕྲག་༡ དེ་ཅིག་ནང་ ལཱ་ཚུ་ཚར་ནི་ཨིན་རུང་ ད་ལྟོ་ལས་ར་ ཆརཔ་རྐྱབ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
མི་ཊར་༢༥༠ འབད་མི་ ཟམ་བཟོ་སྐྲུན་དང་ རྩི་ནག་གཏང་ནིའི་དོན་ལུ་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༡.༦ དེ་ཅིག་ གནས་ནི་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ ཆུང་ཀུ་འབདཝ་ལས་ ལཱ་འགོ་བཙུགས་ནིའི་དོན་ལུ་ ཅ་ཆས་མཁོ་སྒྲུབ་ལ་སོགས་པ་ཚུ་ ལེ་ཤ་་འབད་དགོ་མི་ལུ་བརྟེན་ ཁག་འབགཔ་ཚུ་གིས་ ལཱ་འབད་མི་བཏུབ་པས་ཟེར་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཟམ་གྱི་གློག་མེ་དང་ གློག་ཐག་ཚུ་ བཙུགས་ཡོད་པའི་ཁར་ ཀཝ་ཚུ་ཡང་ ལྷོང་ཚར་ཡི་ཟེར་ཨིནམ་ད་ ཀཝ་དེ་ཚུ་ ཀོལ་ཀཱ་ཏ་ལུ་རྐྱངམ་གཅིག་ཡོདཔ་ལས་ མཁོ་སྒྲུབ་འབད་ནི་ལུ་ དུས་ཚོད་འགོར་ཡོདཔ་བཞིན་དུ་ རྩི་ནག་གཏང་ནི་དང་ གློག་མེ་བཙུགས་ནིའི་ལཱ་ཚུ་ སྤྱི་ཟླ་༦ པའི་ ཟླ་ཕྱེད་དེ་ཅིག་ཁར་ མཇུག་བསྡུ་ནིའི་ དམིགས་གཏད་ཡོདཔ་ལས་ ལཱ་ཚུ་ ཤུལ་མའི་བདུན་ཕྲག་ལས་ འགོ་བཙུགས་ནི་ཟེར་ཨིན་པས།
ཟམ་དེ་ སྤྱི་ལོ་༢༠༡༡ གི་ཟླཝ་༩ པའི་ནང་ མཇུག་བསྡུ་ནིའི་ འཆར་གཞི་ཨིན་རུང་ ཚར་༦ དེ་ཅིག་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ དཀའ་ངལ་ཐོན་ཡོདཔ་ད་ ཟམ་དེ་ བསྒྲུབ་པའི་ཤུལ་ལས་ ཕུན་ཚོགས་གླིང་དང་ བསམ་རྩེའི་གཞུང་ལམ་ མཐུད་སྦྲེལ་འབད་མི་ མི་ཊར་༥༨ འབད་མི་ཟམ་དེ་ རྒྱལ་ཁབ་ནང་ རིང་ཤོས་ཅིག་ འོང་ནི་ཨིན་པས།
ཟམ་དེ་གིས་ ཕུན་ཚོགས་གླིང་གི་ པུར་སྦིས་དང་ བསམ་རྩེ་རྟ་སྡིང་༢ མཐུད་སྦྲེལ་འབད་ནི་ཨིནམ་མ་ཚད་ རྡོ་རོ་ཁ་ལྡུམ་སྟོད་དང་ བདེན་མཆིས་ཁ་ དེ་ལས་ ཧཱ་དང་ ཕུན་ཚོགས་གླིང་ཚུ་ཡང་ མཐུད་སྦྲེལ་འབད་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།