གཙང་ཆུའི་མཐའ་མར་ ཆུ་རིལ་རྡོ་གི་འོག་ལུ་ འཛུལ་སྡོད་མི་ ཧེ་ཧེམ་ཚུ།

ཧེ་ཧེམ་འབུབ་ཀྱིས་ ནད་གཞི་ལེ་ཤ་ཅིག་ལུ་ ཕན་དོ་ཡོད་པའི་ལོ་རྒྱུས།

༉ རྒྱལ་ཁབ་གཞན་ཚུ་ནང་ འབུབ་བཟའ་སྲོལ་ཡོད་དོ་བཟུམ་སྦེ་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ བཟའ་བཏུབ་པའི་འབུབ་ལེ་ཤ་ཡོད་པའི་གྲས་ལས་ ཧེ་ཧེམ་ཟེར་མི་འབུབ་དེ་ བཟའ་དོ་ཡོདཔ་ཨིན་པས།
ཧེ་ཧེམ་ལུ་ ལྷོ་མཚམས་པའི་ཁ་སྐད་ལས་ གན་དྲེ་བག་ཟེར་ སླབ་དོ་ཡོད་པའི་ཁར་ ཚངས་ལ་གི་ཁ་སྐད་ལས་ ན་བུ་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ འབུབ་དེ་ སྤུ་ན་ཁ་དང་ བསམ་རྩེ་ པདྨ་དགའ་འཚལ་ དེ་ལས་ གཞལམ་སྒང་གི་ས་གནས་ཚུ་ནང་ ཐོབ་དོ་ཡོདཔ་ཨིན་པས།
དབང་འདུས་ཀྱི་ ནགས་ཚལ་འགོ་དཔོན་གོངམ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་ཧེམ་དེ་ གཙང་ཆུའི་མཐའམ་བདའ་སྟེ་ མི་ཊར་༥༠༠ དེ་ཅིག་ནང་ མཐོང་ནི་འདུག་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ ཧེ་ཧེམ་བཟའ་དོ་ཡོད་པའི་ལོ་རྒྱུས་གོཝ་མ་གཏོགས་ དེའི་སྐོར་ལས་ ཞིབ་འཚོལ་འབད་འབདཝ་ མིན་འདུག་ཟེར་ཨིན་པས།
ཧེ་ཧེམ་བསྡུ་བསྒྱོམ་གྱི་ དུས་ཚོད་དེ་ཡང་ སྤྱི་ཟླ་༡༠ པ་ལས་༡ པ་ཚུན་འབདཝ་ད་ མི་ཚུ་གིས་ ཟླཝ་༤ གི་རིང་ བསྡུ་བསྒྱོམ་འབད་དེ་འདུག་ཟེར་ཨིན་པས།
ཧེ་ཧེམ་འཐུ་ནིའི་དུས་ཚོད་ངོ་མ་ར་ སྤྱི་ཟླ་༡༢ པའི་ནང་ཨིནམ་ད་ དེ་ཡང་ སྤྱི་ཟླ་༡༡ པ་དང་༡༢ པའི་ནང་ ཧེ་ཧེམ་མང་སུ་སྦེ་ ཐོན་ནི་དེ་གིས་ཨིན་པས།
སངས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་ཧེམ་བཟའ་དགོ་མི་དེ་ཡང་ ཁྲག་ཤུགས་དང་ ཆབ་གསང་བསྡུས་པའི་ནད་ལུ་ ཕན་ཐོགས་ཡོད་ནི་དེ་གིས་ཨིནམ་ད་ ཆབ་གསང་བསྡུས་པའི་ནད་ལུ་ བརྒྱ་ཆ་༩༠.༢ དང་ ཁྲག་ཤུགས་ལུ་ འབད་བ་ཅིན་ བརྒྱ་ཆ་༧.༢ དེ་ཅིག་ ཕན་ཐོགས་ཡོད་པའི་སྙན་ཞུ་འདུག་ཟེར་ ཨིན་པས།
ཧེ་ཧེམ་འདི་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཚུ་གིས་ མང་ཤོས་བཟའ་དོ་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ཡོདཔ་ད་ ཧེ་ཧེམ་དེ་ དྲོ་པ་དང་ཕྱི་རུ་ གཙང་ཆུའི་མཐར་མར་ རྡོ་གི་འོག་ལུ་ འཛུལ་སྡོད་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལ་བ་ཅིན་ ཧེ་ཧེམ་གྱི་རིགས་ ལེ་ཤ་ཡོད་མི་ལུ་བརྟེན་ འཛོལ་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ ཧེ་ཧེམ་ངོ་མ་དེ་ བཀྱག་རྒྱ་སྨུག་ ནག་རུ་རུ་སྦེ་ ཡོདཔ་བཞིན་དུ་ རིང་ཚད་ལས་བཅད་པ་ཅིན་ སེན་ཊི་མི་ཊར་༡.༧ དེ་ཅིག་ འདུག་ཟེར་ཨིན་པས།
ཧེ་ཧེམ་བསྡུ་བསྒྱོམ་འབད་ནི་དེ་ ཁྲིམས་འགལ་ཨིན་ཟེར་ ནགས་ཚལ་འགོ་དཔོན་གྱིས་ བཤད་པའི་ཁར་ ཧེ་ཧེམ་བཟའ་ནི་དེ་ ཧེ་མ་ ཕ་མའི་སྐབས་ལས་ར་ སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ རྒྱ་གར་ཨ་སམ་ལུ་འབད་བ་ཅིན་ ཧེ་ཧེམ་དེ་ ལྟོ་དང་གཅིག་ཁར་ བཟའཝ་མས་ཟེར་ཨིནམ་ད་ དེ་ལས་ སྤུ་ན་ཁ་ལུ་ ཧེ་ཧེམ་བསྡུ་བསྒྱོམ་འབད་བའི་ དུས་ཚོད་ལུ་ ཨ་རུ་ན་ཅཱལ་ པར་དེཤ་ལུ་ཡང་ བསྡུ་བསྒྱོམ་འབདཝ་མས་ཟེར་ བཤདཔ་ཨིན་པས།
རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ ཧེ་ཧེམ་དེ་ སྨན་སྦེ་ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ ཕོཝ་དང་ མཁལ་རྡོག་ དེ་ལས་ མཆིན་ནད་ཚུ་ དྲག་དོ་ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *