ལོ་ཟུང་གསོ་བའི་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ།

ཧེ་ལི་ཀོབ་ཊར་ ཞབས་ཏོག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༤ དེ་ཅིག་གནས་ཡོདཔ།

སྤྱི་ལོ་༢༠༡༥ ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་འགོ་བཙུགསཔ་ལས་ཚུར་ ད་ལྟོ་ཚུན་ གཡུས་སྒོ་དང་ ས་གནས་ཁག་སོ་སོ་ལས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གནམ་གྲུའི་ཐོག་ལས་ ནདཔ་ཚབས་ཆེན་བསྐྱལ་མིའི་ འཐུས་རྐྱངམ་གཅིག་གིས་ར་ གཞུང་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༣.༧༨ གནས་ནུག།

ད་ཚུན་ ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཐོག་ལས་ ནདཔ་༢༡༣ སྐྱེལ་འདྲེན་འབད་ཡོད་མི་ལས་ ནདཔ་༥༥ ཤི་ཡོདཔ་ད་ ནདཔ་ཚབས་ཆེན་ཚུ་ མང་ཤོས་ཅིག་ སྣུམ་འཁོར་ཐུག་རྐྱེན་བྱུང་མི་དང་ མདའ་ཕོག་མི་ དེ་ལས་ ཨ་ལོ་སྐྱེ་མ་ཚུགས་པའི་ ཨམ་སྲུ་ཚུ་ཨིན་པས།

ནདཔ་༢༡༣ གྱི་དོན་ལུ་ གླ་འཐུས་དངུལ་ཀྲམ་ས་ཡ་༦༤ དེ་ཅིག་གནས་མི་ལུ་ལྟཝ་ད་ ནདཔ་༡ ལུ་ ཟད་འགྲོ་དངུལ་ཀྲམ་༢༩༩,༤༤༡ དེ་ཅིག་ གནས་ཡོདཔ་ཨིན་པས།

མ་གཞི་ གླ་འཐུས་དེ་ ལམ་ཐག་རིང་ཐུང་དང་འཁྲིལ་ ཁྱད་པར་ཡོདཔ་ད་ ནདཔ་ཚུ་ ས་ཐག་རིང་ས་ དཔེ་འབད་བ་ཅིན་ ལུང་ནག་ནང་དང་ གཞལམ་སྒང་ བཀྲིས་སྒང་ དེ་ལས་ སག་སྟེང་ལ་སོགས་པ་ཚུ་ལས་ཡང་ སྐྱེལ་འདྲེན་འབད་ནུག།

སྤྱི་ལོ་༢༠༡༥ ལུ་ ནདཔ་༡༢ སྐྱེལ་འདྲེན་འབད་མིའི་གྲས་ལས་༤ ཤི་ཡོདཔ་ད་ ཁོང་གི་དོན་ལུ་ གཞུང་གིས་ གནམ་གྲུའི་གླ་འཐུས་ དངུལ་ཀྲམ་ས་ཡ་༢.༢ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ནདཔ་༡༢༣ སྐྱེལ་འདྲེན་འབད་མི་ལས་༢༧ ཤི་ཡོདཔ་ད་ དེ་ལུ་ གླ་འཐུས་དངུལ་ཀྲམ་ས་ཡ་༣༡.༤ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༨ པ་ཚུན་ ནདཔ་༨༤ སྐྱེལ་འདྲེན་འབད་མིའི་གྲས་ལས་༢༦ ཤི་ཡོདཔ་ད་ དེ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠.༢ ལྷགཔ་ཅིག་ གནས་ཡོདཔ་ད་ དེ་ཡང་ གཞུང་གིས་ རྒྱལ་གཞུང་ཧེ་ལི་ཀོབ་ཊར་ཞབས་ཏོག་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་པས།

ད་རེས་ ཐིམ་ཕུག་ལུ་སྦེ་ འཚོགས་པའི་བསྒང་ཡོད་མི་ གསོ་བའི་ལྷན་ཁག་གི་ ལོ་ཟུང་གསོ་བའི་ཞལ་འཛོམས་སྐབས་ གསོ་བའི་ལས་བྱེདཔ་ཚུ་གིས་ ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་བྱིན་པའི་སྐབས་ ནདཔ་བལྟ་མི་ཚུ་ གནམ་གྲུ་ནང་ ཁྱིད་མ་ཆོག་པའི་ ལམ་ལུགས་ཡོད་མི་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ ཁོང་གིས་འབད་བ་ཅིན་ མཐའ་ཟུར་ལས་ སྐྱེལ་འདྲེན་འབད་མི་ ནདཔ་ལ་ལོ་ཅིག་ ཐིམ་ཕུག་ལུ་ ཉེ་ཚན་དང་སྤུན་ཆ་མེདཔ་ལས་ ནདཔ་དེ་ ཐིམ་ཕུག་སྨན་ཁང་ནང་ལྷོད་པའི་སྐབས་ བལྟ་མི་མེད་པའི་ དཀའ་ངལ་ཡོདཔ་ད་ དེ་སེལ་ཐབས་འབད་དགོ་པ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་ སྤྱོད་ནིའི་ལམ་ལུགས་དེ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།

དེའི་ལན་ལུ་ གསོ་བའི་ལྷན་ཁག་ གློ་བུར་གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་ རྒྱ་མཚོ་གིས་འབད་བ་ཅིན་ ནདཔ་དེ་ གློ་བུར་གྱི་རྐྱེན་ངན་བྱུང་མི་དང་ ཚབས་ཆེན་ཨིན་པ་ཅིན་ ནདཔ་དང་གཅིག་ཁར་ ཆ་རོགས་ ཁྱིད་མ་ཆོག་མི་ གནད་དོན་དེ་ཡང་ ནདཔ་དང་གཅིག་ཁར་ གསོ་བའི་མཁས་མཆོག་༢ རྒྱུན་འགྲུལ་འབད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།

དེ་ཡང་ གསོ་བའི་མཁས་མཆོག་༢ དང་གཅིག་ཁར་ འགྱོ་དགོ་མི་དེ་ གློ་བུར་གྱི་ནདཔ་དང་ ནདཔ་ཚབས་ཆེན་ལུ་ རྒྱུན་འགྲུལ་འབད་བའི་སྐབས་ཡང་ གསོ་བའི་ཞབས་ཏོག་དགོ་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ གལ་སྲིད་ ནདཔ་བལྟ་མི་དེ་ཁྱིད་པ་ཅིན་ གསོ་བའི་མཁས་མཆོག་ཚུ་ ཁྱིད་མི་ཚུགས་ནི་ཨིནམ་ད་ དེ་ཡང་གཙོ་བོ་ར་ གནམ་གྲུ་ནང་ སྡོད་ཁྲི་ཚད་ལས་བརྒལ་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།

ལམ་ལུགས་དང་འཁྲིལཝ་ད་ ནདཔ་དེ་ ཚབས་ཆེན་མེན་པ་ཅིན་ ནདཔ་བལྟ་མི་ཅིག་ ཁྱིད་ཆོག་མི་དེ་ཡང་ གསོ་བའི་མཁས་མཆོག་༢ མ་དགོ་ནི་དེ་གིས་ཨིནམ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ གསོ་བའི་གློ་བུར་གྱི་འཕྲུལ་ཆས་ འབག་དགོཔ་ཐོན་པའི་སྐབས་ ལྗིད་དེ་ ཚད་ལས་བརྒལ་ནི་དེ་གིས་ གནམ་གྲུ་ནང་ མི་ཚད་ལས་བརྒལ་བཙུགས་ནི་མེདཔ་ཨིན་པས།

ལས་རིམ་གཙོ་འཛིན་ རྒྱ་མཚོ་གིས་ བཤད་མིའི་ནང་ མ་གཞི་ ནདཔ་ལྟ་མི་དེ་ གློ་བུར་གྱི་ནདཔ་དང་ ནདཔ་ཚབས་ཆེན་གཅིག་ཁར་ཡང་ ཁྱིད་དགོཔ་ཁག་ཆེ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ནདཔ་དེ་ལུ་ གཤག་བཅོས་འབད་དགོཔ་ཐོན་པའི་སྐབས་ ནདཔ་གི་ནང་མི་དང་ བཟའ་ཚང་གང་རུང་གིས་ ལག་བྲིས་རྐྱབ་དགོཔ་འཐོན་ནི་ཨིནམ་ལས་ ལམ་ལུགས་དེ་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

ཁོ་གིས་འབདབ་ཅིན་ ཡར་རྒྱས་འགྱོ་བའི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ གློ་བུར་གྱི་གཤག་བཅོས་རེ་ འབད་དགོཔ་ཐོན་རུང་ ནདཔ་གི་ཧོངས་ལས་ ལག་བྲིས་རྐྱབ་མི་མེད་རུང་ གསོ་བའི་མཁས་མཆོག་ སྡེ་ཚན་ཅིག་བཟོ་སྟེ་ དེ་འཕྲོ་ལས་ གཤག་བཅོས་འབད་ནིའི་ ལམ་ལུགས་ཡོད་རུང་ རྒྱལ་ཁབ་ནང་ དེ་བཟུམ་གྱི་ ལམ་ལུགས་ཐོག་ལུ་ གཤག་བཅོས་རྐྱབ་མ་ཚུགས་མི་དེ་ གསོ་བའི་མཁས་མཆོག་དང་ འཕྲུལ་ཆས་ཚུ་ ལེགས་ཤོམ་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།

གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ དྲན་གསོ་འབད་མིའི་ནང་ ནདཔ་གནམ་གྲུ་ནང་སྐྱེལ་འདྲེན་འབད་ནིའི་ བཀའ་ལྷོད་རུང་ ནདཔ་ཡོད་སའི་ ས་གནས་ཀྱི་ གསོ་བའི་མཁས་མཆོག་དང་ ལས་བྱེདཔ་ཚུ་གིས་ གནམ་གྲུ་གི་ཞབས་ཏོག་དེ་ ངེས་བདེན་བྱིན་དགོཔ་ཨིན་ན་མེད་ན་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ ནདཔ་ལ་ལོ་ཅིག་ གནམ་གྲུའི་ཞབས་ཏོག་ དགོཔ་མེད་རུང་ བྱིན་ནི་ཡོདཔ་ལས་ གཞུང་གི་ཟད་འགྲོ་ འཕྲོ་བརློག་འགྱོཝ་མས་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༤ ལས་ འགོ་བཙུགས་མི་ ལོ་ཟུང་གསོ་བའི་ཞལ་འཛོམས་སྐབས་ ནད་རིགས་དང་ གསོ་བའི་ལམ་ལུགས་དང་སྒྲིག་གཞི་ དེ་ལས་ བདག་སྐྱོང་དང་འཛིན་སྐྱོང་ལ་སོགས་པའི་ གནད་དོན་ཐོག་ལུ་ གྲོས་བསྟུན་འབད་དོ་ཡོདཔ་ད་ ད་རིས་ མཇུག་བསྡུ་ནི་ཨིན་མི་ ཞལ་འཛོམས་དེ་ནང་ གསོ་བའི་ལས་བྱེད་དང་ མཁས་མཆོག་༡༨༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *