ཧེ་མ་ཚར་ཅིག་ ཧྲམ་བཏང་མི་ ནང་འཁོད་ཚོགས་ཆུང་ རང་འཇགས་བཞག་ནི།

༉ རྒྱལ་ཡོངས་ཚོགས་འདུའི་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཚོགས་ཆུང་དེ་ ཧྲམ་གཏང་ནི་དང་ འཐུས་མི་ཚུ་ཡང་ དགོངས་ཞུ་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ ཚོགས་ཆུང་ཧྲམ་མ་བཏང་པར་ རང་འཇགས་བཞག་ནི་དང་ འཐུས་མི་ཚུ་ཡང་ དགོངས་ཞུ་མི་འབད་ནི་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཚོགས་ཆུང་ཧྲམ་གཏང་ནི་དང་ འཐུས་མི་དགོངས་ཞུ་འབད་ནི་ཟེར་མི་དེ་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ལས་འགལ་བའི་ གནད་དོན་ཨིནམ་སྦེ་ ཡིག་ཚང་བཀའ་རྒྱ་གནང་པའི་ཤུལ་ལས་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་ཐག་བཅད་ནུག།

འཐུས་མི་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཚོགས་དཔོན་གྱིས་གསུངས་མི་ གནད་དོན་ལ་ལོ་ཅིག་ ལུ་ བདེན་པ་མེད་པའི་ཁར་ བྱ་བའི་གནད་སྤྱོད་ལས་ འགལ་བ་འདུག་ཟེར་མི་ཡང་ ཚོགས་དཔོན་ཁོ་ར་གི་ ཐུགས་འཆར་བཟུམ་ཅིག་སྦེ་ མཐོང་སྣང་བྱུང་ཡི་ཟེར་ཨིན་པས།

དེ་མ་ཚད་ ནང་འཁོད་ཚོགས་ཆུང་ ཧྲམ་གཏང་ནིའི་ གྲོས་ཆོད་བྱུང་མི་དེ་ ཁྲིམས་མཐུན་ཐོག་ ཆ་འཇོག་མ་འབད་བའི་ཧེ་མ་ལས་ བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་འབད་དགོ་ཟེར་མི་དེ་ མི་བདེན་ནི་དང་ ཚོགས་ཆུང་གིས་བཏོན་མི་ གྲོས་ཆོད་དེ་ ཞུན་དག་རྐྱབ་དགོ་པའི་ འོས་ཁུངས་ཅིག་ཡང་ མ་མཐོང་ཟེར་ འཐུས་མི་དེ་གིས་ བཤདཔ་ཨིན་པས།

ནང་འཁོད་ཚོགས་ཆུང་ ཧྲམ་གཏང་ནི་སྦེ་ གྲོས་ཐག་བཅད་མི་དེ་ཡང་ འཐུས་མི་ཚུ་གི་ དཀའ་ངལ་ཚུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ལུ་ བཙུགས་ཡོད་རུང་ ངོས་ལེན་མེད་མི་ལུ་བརྟེན་ སེམས་ཕམ་བྱུང་ཡོདཔ་ད་ འཐུས་མི་ཚུ་གིས་འབད་བ་ཅིན་ ད་ལས་ཕར་ ཁོང་གི་ དཀའ་ངལ་དེ་ལུ་ ངོས་ལེན་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་ གྲོས་བཅུད་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་ལུ་ འཐུས་མི་ཚུ་གི་དོན་ལུ་ སྲུང་རྒྱབ་དང་ སྣུམ་འཁོར་བཞག་སའི་ ས་གོ་དགོ་པའི་སྐོར་ལས་ གྲོས་འཆར་བཙུགས་མི་དེ་ལུ་ ངོས་ལེན་མ་འབད་ཟེར་ཨིན་པས།

དེ་མ་ཚད་ འཐུས་མི་ཚུ་ལུ་ རང་དབང་ཅན་གྱི་ ཡིག་ཚང་མེདཔ་ལས་ འཐུས་མི་གཉིས་ ཡིག་ཚང་གི་ ས་གོ་༡ བགོ་བཤད་རྐྱབ་སྟེ་ སྡོད་དགོཔ་ད་ འཐུས་མི་༡ གྱི་ མགྱོནམ་རེ་ འོང་པ་ཅིན་ འཐུས་མི་གཞན་དུ་ ཕྱི་ཁར་འཐོན་འགྱོ་དགོ་ནི་དེ་གིས་ འཐུས་མི་རེ་ལུ་ རང་དབང་ཅན་གྱི་ ཡིག་ཚང་དགོཔ་འདུག་ཟེར་ ཞུ་བ་ཕུལ་ཡོད་རུང་ དཀའ་ངལ་སེལ་མ་བཏུབ་ཟེར་ཨིན་པས།

དེ་གི་ནང་དོན་ཉིད་ལས་ ཚོགས་ཆུང་གི་ འཐུས་མི་ལ་ལོ་ཅིག་ རྒྱལ་ཁབ་ཕྱི་ནང་ གཞུང་འབྲེལ་ལྟ་སྐོར་ལུ་ འགྱོཝ་འགྱོ་སར་ སྡོད་ནི་ལས་ བཀག་ཐབས་ལུ་ ལམ་ལུགས་བཟོ་དགོཔ་འདུག་ཟེར་ཞུ་མི་ལུ་ཡང་ ངོས་ལེན་མ་བྱུང་ཟེར་ཨིན་པས།

དཔེ་འབད་བ་ཅིན་ ཨའི་པི་ཡུ་ཟེར་མི་ རྒྱལ་སྤྱི་སྤྱི་ཚོགས་ལས་ཚོགས་ཀྱི་ ལས་རིམ་ནང་ འཐུས་མི་༡ ཨ་རྟག་ར་ འགྱོ་སྡོད་དོ་ཡོདཔ་ལས་ གོ་སྐབས་དེ་ མ་འགྱོ་མི་ འཐུས་མི་ཚུ་ལུ་ བྱིན་དགོཔ་འདུག་ཟེར་ཨིན་པས།

ད་རེས་ རྒྱལ་སྤྱི་སྤྱི་ཚོགས་ལས་ཚོགས་ནང་ བཅའ་མར་གཏོགས་མི་ འཐུས་མི་དེ་ ཧེ་མ་ བཅའ་མར་མ་གཏོགས་མི་༤ ཁ་རྗེའི་རྒྱན་ཤོག་ཐོག་ལས་ འཐུས་མི་རིག་འཛིན་རྡོ་རྗེ་དང་ འཐུས་མི་སྐལ་བཟང་དབང་མོ་༢ གདམ་འཐུ་འབད་ཡོདཔ་ད་ གལ་སྲིད་ ཁོང་གཉིས་ འགྱོ་མ་ཚུགས་པ་ཅིན་ འཐུས་མི་ཆོས་གྲགས་རྒྱ་མཚོ་དང་ བདེ་ཆེན་བཟང་མོ་དེ་ སོར་རྒྱབ་སྦེ་ བཞག་ཡོདཔ་ཨིན་པས།

འཐུས་མི་དཔལ་བཟང་དབང་ཕྱུག་དེ་ ཚོགས་ཆུང་གིས་ གདམ་འཐུ་འབད་མི་དེ་ཡང་ ཁོ་ར་ དམངས་གཙོ་རིང་ལུགས་དང་ འགྲོ་བ་མིའི་དབང་ཆ་ཚོགས་ཆུང་གི་ འཐུས་མི་སྦེ་ རྒྱལ་སྤྱི་སྤྱི་ཚོགས་ལས་ཚོགས་ཀྱིས་ བསྐོ་བཞག་འབད་ནི་དེ་གིས་ཨིན་པས།

ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་༡༡ གི་ ཁྲི་འཛིན་ཚུ་ཨིནམ་ད་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ སྐྱེངས་མཁར་-ཝེ་རིང་ལ་གི་འཐུས་མི་ རིག་འཛིན་རྒྱ་མཚོ་དང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ ངང་ལམ་གྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་༣ གྱིས་ གྲལ་གཏོགས་འབདཝ་ཨིན་པས།

དེ་ལས་ གཞུང་སྐྱོང་ཚོགས་པའི་ནང་ལས་ ཝམ་རོང་གི་འཐུས་མི་ ཀརྨ་བསྟན་འཛིན་དང་ ཁམས་དྭངས་-རམ་འཇར་གྱི་འཐུས་མི་ བསོད་ནམས་དོན་གྲུབ་རྡོ་རྗེ་ ཆུ་སྨད་-ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ ཉི་ཤོག་-སྲས་ཕུག་གི་འཐུས་མི་ཀུན་དགའ་ རྟ་ལོག་-དཀར་སྦྱིས་ཀྱི་འཐུས་མི་ རྡོ་ཕུག་འབྲུག་པ་ ཕུན་ཚོགས་གླིང་གི་འཐུས་མི་ རིག་འཛིན་རྡོ་རྗེ་ མན་ཌལ་སྒང་གི་འཐུས་མི་ ཡོ་གིཤ་ཏ་མང་ བཀྲིས་ཆོས་གླིང་གི་འཐུས་མི་ རི་ཏུ་རཱཇ་ ཆེ་ཏི་རི་ཚུ་ཨིན་པས།

ནང་འཁོད་ཚོགས་ཆུང་གི་ ཁྲི་འཛིན་དེ་ འཐུས་མི་ཀརྨ་བསྟན་འཛིན་དང་ ཁྲི་འཛིན་འོག་མ་དེ་ འཐུས་མི་རིག་འཛིན་རྒྱ་མཚོ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *