ཧེ་མ་བཟུམ་སྦེ་ ཨར་རྐུན་འབད་བའི་ ཚ་གྱང་ ལང་དགོཔ་མེདཔ།

༉ འདས་པའི་ལོ་ཚུ་ནང་ བསམ་གྲུབ་ལྗོངས་མཁར་གྱི་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ས་མཚམས་ཁར་ སྡོད་མི་ཚུ་ལུ་ ཉིན་ནུབ་མེད་པར་ ཨར་རྐུན་འབད་མིའི་ གནད་དོན་དེ་ རྒྱུན་ཆད་མེད་པར་ ཐོན་མི་ལུ་བརྟེན་ ཚ་གྱང་ལང་སྡོད་དགོཔ་བྱུངམ་ཨིན་རུང་ ད་རེས་ནངས་པར་ དེ་བཟུམ་མའི་ ཚ་གྱང་མེདཔ་ཨིན་པས།

སྐྱེས་ལོ་༣༢ ལང་མི་ དཔལ་སྒྲོན་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ཁྱིམ་ནང་ལས་ཡང་ ཚར་༡ ཨར་རྐུན་ཤོར་ཡི་ཟེར་ཨིནམ་ད་ ཨར་རྐུན་འབད་མི་ཚུ་གིས་ འགྲུལ་འཕྲིན་མོ་བཱ་ཡེལ་༢ དང་ གློག་རིག་ལེབ་ཊོབ་༡ དེ་ལས་ ལག་བེག་དང་སྦྲགས་ཏེ་ དངུལ་ཁུག་ཚུ་ འབག་སོང་ཡི་ཟེར་ཨིན་པས།
དཔལ་སྒྲོན་གྱིས་ སླབ་མིའི་ནང་ དངུལ་ཁུག་ནང་ ཏི་རུ་༢,༠༠༠ ལྷགཔ་ཅིག་ལས་ མེད་པའི་ཁར་ དེ་བསྒང་ ཁག་ཆེ་བའི་ ཡིག་ཆས་ཚུ་ བཏོན་བཞག་ནི་དེ་གིས་ དྲག་ནུག་ཟེར་ཨིནམ་ད་ མཆོད་བཤམ་ནང་བཞག་མི་ དངུལ་ཁུག་དེ་ཡང་ ཏི་རུ་མེདཔ་མཐོང་བའི་ཤུལ་ལས་ ཐབ་ཚང་ནང་ བཀོག་བཞག་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བྱུང་རྐྱེན་དེ་གི་སྐབས་ མོ་དང་རྨགཔ་༢ ཨ་ལོ་ཚུ་དང་གཅིག་ཁར་ ངལ་འཚོ་ཁང་ནང་ སྡོད་ཅི་ཟེར་ཨིནམ་ད་ ཨར་རྐུན་འབད་མི་ཚུ་ ཁྱིམ་ནང་ ག་དེ་སྦེ་ འཛུལ་འཛུལཝ་ཨིན་ན་ མ་ཤེས་ཟེར་ཨིནམ་ད་ དྲོ་པའི་ཆུ་ཚོད་ ཕྱེད་དང་༥ དེ་ཅིག་ཁར་ གཉིད་ཚོརཝ་ད་ འཛུལ་སྒོ་ངོ་མའི་སྒོ་དེ་ ཕྱེས་བཞག་ནུག་ཟེར་ཨིན་པས།
ཨརཝ་རྐྱབ་མི་ཚུ་གིས་ ཐབ་ཚང་གི་ སྒོ་སྒྲིག་ནང་ལས་ འཛུལ་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ ཁྱིམ་ནང་འཛུལ་བའི་སྐབས་ སྐད་མ་གོ་བའི་ཁར་ གཉིད་ཤུགས་ཐལ་མི་ལུ་བལྟ་བ་ཅིན་ ཁོང་གིས་ གཉིད་ལོག་ནིའི་སྨན་ ལག་ལེན་འཐབ་དོ་ འོང་ནི་མས་ཟེར་ དཔལ་སྒྲོན་གྱིས་ སླབ་ཨིན་པས།
དཔལ་སྒྲོན་གྱིས་ སླབ་མིའི་ནང་ དྲོ་པ་དང་ཕྱི་རུ་ ཨ་ལོ་ཚུ་ སློབ་གྲྭ་ནང་ལས་ ལེན་པར་འགྱོ་བའི་སྐབས་ ད་རུང་ ཨརཝ་མི་རྐྱབ་ག་ཟེར་ བའི་ ཚ་གྱང་ལང་ཡོདཔ་མ་ཚད་ ནུབ་མོར་ ཉལ་སྡོད་པའི་སྐབས་ བསད་མི་བཞག་ག་དང་ ཨ་ལོ་ཚུ་ འཐུ་མི་འབག་ག་ཟེར་བའི་ ཚ་གྱང་སྦོམ་སྦེ་ར་ ལང་སྡོད་ཅི་ཟེར་ཨིནམ་ད་ ཨིན་རུང་ འཕྲལ་འཕྲལ་ ཕོ་སྐྱེས་ཚུ་གིས་ ནུབ་མོའི་ཆུ་ཚོད་༡༢ དང་༡ དེ་ཅིག་ཚུན་ སྐོར་སྲུང་འབད་མི་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
དེ་ལས་ སྐྱེས་ལོ་༤༠ ལང་མི་ པདྨ་གིས་ སླབ་མིའི་ནང་ མོ་ར་སྡོད་སའི་ཁྱིམ་དེ་ ས་མཚམས་ཁར་ ཡོད་ནི་དེ་གིས་ ཨར་རྐུན་ཚར་༢ ཤོར་ཡི་ཟེར་ཨིནམ་ད་ ཐེངས་དང་པའི་ནང་ ལེབ་ཊོབ་དང་ མོ་བཱ་ཡེལ་ཚུ་ འབག་ནུག་ཟེར་ཨིནམ་ད་ ཨིན་རུང་ ཤུལ་མའི་ནང་ ག་ནི་ཡང་ འབག་མ་ཚུགས་པས་ཟེར་ཨིན་པས།
མོ་དང་ གཞན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཨརཝ་ཤོར་མི་ ཅ་ཆས་ཚུ་ ལོག་ཐོབ་མ་ཚུགས་རུང་ ཁྲིམས་སྲུང་འགག་པའི་ ཡིག་ཚང་གིས་ ནུབ་མོའི་སྐོར་སྲུང་འབད་མི་ ཁྲིམས་སྲུང་འགག་པ་ བཙུགས་མི་དེ་གིས་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ ལྷག་པར་དུ་ ས་མཚམས་ཁར་ ཉིན་མ་དང་ ནུབ་མོ་༢ ཆ་རའི་དོན་ལུ་ སྲུང་རྒྱབ་བཙུགས་ཡོདཔ་ལས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ འགོ་བཙུགས་ཁམས་ཅིག་ཁར་ བདུན་ཕྲག་ཨ་རྟག་ར་ ཨར་རྐུན་གྱི་ གནད་དོན་ཁག་༢ དང་༣ དེ་རེ་ ཐོན་འོང་ཟེར་ཨིནམ་ད་ ཨར་རྐུན་འབད་མི་ འབྲུག་མི་མེན་པར་ ཕྱིའི་མི་ཚུ་ཨིནམ་ལས་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་ ས་མཚམས་ཁར་ ཁྲིམས་སྲུང་འགག་པ་ཚུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་ཁར་ སྲུང་རྒྱབ་བཙུགས་ཞིནམ་ལས་ཚུར་ ད་ལྟོ་ཚུན་གྱི་བར་ན་ ལོ་ཕྱེད་དང་༢ དེ་ཅིག་གི་རིང་ ཨར་རྐུན་གྱི་གནད་དོན་ མ་ཐོན་ཟེར་ཨིནམ་ད་ ཉིན་མར་ ཁྲིམས་སྲུང་འགག་པ་༤ དང་ ནུབ་མོར་ ཁྲིམས་སྲུང་འགག་པ་༦ བཙུགས་ཏེ་ ཡོདཔ་ཨིན་པས།
དེ་ཁར་ སྲུང་རྒྱབ་བཙུགས་མི་དེ་གིས་ ཕན་ཐོགས་བྱུང་ཡོད་རུང་ སྲུང་རྒྱབ་ཚུ་གི་དོན་ལུ་ ཁྱིམ་ལེགས་ཤོམ་ཅིག་མེད་པའི་ དཀའ་ངལ་ཡོདཔ་ད་ ད་རེས་ སྦ་སྒོར་ཅིག་ཡོད་མི་དེ་ནང་ ཆརཔ་རྐྱབ་པའི་སྐབས་ ཆརཔ་འཛགས་ནི་དེ་གིས་ ལཱ་ཁག་བཏང་དོ་ཡོདཔ་མ་ཚད་ ས་མཚམས་ཁར་ འབད་མི་ལུ་བརྟེན་ ཉེན་ཁ་ཡང་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *