བཟོ་སྐྲུན་འབད་ཚར་མི་ ཧེ་གྲོང་ཟམ།

ཧེ་གྲོང་ཟམ་རྐྱབ་ཚར་རུང་ སྤྱི་ཟླ་༨ པའི་ནང་མ་གཏོགས་ ལག་ལེན་འཐབ་མི་ཚུགས་ནི།

༉ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ པཱམ་མཚོ་དང་ རྟ་རྦབ་༢ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཧེ་གྲོང་ཟམ་རྐྱབ་ཚར་རུང་ ཟམ་དེ་ སྤྱི་ཟླ་༨ པ་ལས་བརྒལ་ ལག་ལེན་འཐབ་མི་ཚུགས་ནི་ཨིན་པས།

དེ་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་ འཁོར་ལམ་དེ་ ཕྱི་སུ་ཅིག་སྦེ་ སེལ་ནི་འགོ་བཙུགས་མི་ལུ་བརྟེན་ཨིནམ་ད་ ལམ་དེ་ སྤྱི་ཟླ་༧ པའི་ བདུན་ཕྲག་དང་པ་ལས་ སེལ་ནི་འགོ་བཙུགས་ནུག།

ཐིམ་ཕུག་ཁྲོམ་སྡེའི་ བཟོ་རིག་བཀོད་ཁྱབ་གཙོ་འཛིན་འོགམ་ ངག་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ ཕྱོགས་༢ བསྡོམས་ཏེ་ མི་ཊར་༢༠༠ དང་ རྒྱ་ཚད་༡༨ དེ་ཅིག་འབད་མི་ འཁོར་ལམ་དེ་ སེལ་ནི་ལུ་ ཤུགས་ལང་པའི་བསྒང་ཡོད་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ ཟམ་རྐྱབ་མི་དེ་ཡང་ ཁྲོམ་སྡེ་བཟོ་བཀོད་འཆར་གཞི་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།

མ་གཞི་ འཁོར་ལམ་དེ་ འཛམ་གླིང་དངུལ་ཁང་གིས་ འབད་དགོ་པའི་ ལས་འཆར་ཡོད་རུང་ ཧེ་མ་ལས་ དངུལ་ཁང་གི་ འཆར་གཞི་ནང་ མ་བཙུགས་མི་དེ་གིས་ བྱ་རིམ་ལེ་ཤ་འབད་དགོཔ་ལས་ ཁོང་ལུ་བསྒུག་སྡོད་པ་ཅིན་ དུས་ཚོད་འགོར་ནི་མས་ཟེར་ འཁོར་ལམ་དེ་ ཁྲོམ་སྡེ་གིས་ སེལ་ནི་འགོ་བཙུགས་ཅི་ཟེར་ ཁོ་གིས་བཤདཔ་ཨིན་པས།

ཁོ་གིས་འབད་ཅིན་ ད་རེས་ འཁོར་ལམ་དེ་ཡང་ ཁྲོམ་སྡེ་གི་ གསོག་འཇོག་མ་དངུལ་ལས་ ལག་ལེན་འཐབ་དོ་ཟེར་ཨིནམ་བཞིན་དུ་ འཁོར་ལམ་དེ་ལུ་ དངུལ་ཀྲམ་ས་ཡ་༥ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།

ལཱ་དེ་ཡང་ སྤྱི་ཟླ་༨ པའི་ནང་ འབད་ཚར་ནིའི་ རེ་བ་བསྐྱེད་ཡོད་རུང་ ད་རེས་ ཆརཔ་རྐྱབ་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་དེ་ལུ་ དུམ་གྲ་ཅིག་ བར་ཆད་རྐྱབ་སྟེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་ལྟོ་ ཟམ་གུ་ལས་ འཁོར་ལམ་དེ་ སེལ་མ་ཚར་མི་ལུ་བརྟེན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་ཚུགས་ནི་ཨིནམ་ད་ པཱམ་མཚོ་དང་ རྟ་རྦབ་ཕྱོགས་༢ ཆ་ར་ལས་ འཁོར་ལམ་དེ་ སེལ་ཚར་བའི་ཤུལ་ལས་ འཁོར་ལམ་གུ་ལས་ རྩི་ནག་གཏང་ནི་དང་ གཏན་འཇགས་ཀྱི་ ལཱ་གཞན་ཚུ་ འཛམ་གླིང་དངུལ་ཁང་གིས་འབད་ནིའི་ ལས་འཆར་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཟམ་དང་ འཁོར་ལམ་དེ་ཡང་ སྟབས་གཅིག་ཁར་སྦེ་ མཇུག་བསྡུ་དགོཔ་སྦེ་ གོ་ཡི་ཟེར་ཨིན་རུང་ འཁོར་ལམ་དེ་ གནད་དོན་ག་ཅི་ལུ་བརྟེན་ ཕྱི་སོཔ་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།

བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ བཟོ་རིག་དང་བཟོ་སྐྲུན་ལས་ཁུངས་ཀྱི་མདོ་ཆེན་ རིག་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཟམ་རྐྱབ་ནི་ལཱ་ཚུ་ཡང་ མཇུག་བསྡུ་སྟེ་ ཐིམ་ཕུག་ཁྲོམ་སྡེ་ལུ་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྩིས་སྤྲོད་འབད་ཡོད་རུང་ ཟམ་གུ་ལས་ རྩི་ནག་གཏང་ནིའི་ ལཱ་མ་གཏོགས་མེདཔ་ལས་ འཁོར་ལམ་དེ་ལུ་ བསྒུག་དགོཔ་འཐོན་ནི་མས་ཟེར་ཨིན་པས།

གལ་སྲིད་ ཟམ་དེ་ནང་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འབད་ནི་ འགོ་བཙུགས་པའི་བསྒང་ལས་ སྣུམ་འཁོར་གྱི་ འགྲུལ་ཐོགས་ཀྱི་ དཀའ་ངལ་ཚུ་ སེལ་ཚུགས་ནི་ཨིནམ་མ་ཚད་ ཉེ་འདབས་ཀྱི་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།

རྟ་རྦབ་ལུ་སྡོད་མི་ སྐྱེས་ལོ་༤༠ ལང་མི་ པདྨ་གིས་ སླབ་མིའི་ནང་ ད་རེས་ པཱམ་མཚོ་ལས་ ཧེ་འཇོ་ལུ་ འགྱོ་བའི་སྐབས་ གླང་རྒྱུག་ཕར་ཁ་བརྒྱུད་དེ་འགྱོཝ་ད་ དུས་ཚོད་ལེ་ཤ་ འགོར་མི་ལུ་བརྟེན་ ད་རེས་ ཟམ་དེ་ལས་ རྒྱུན་འགྲུལ་འགོ་བཙུགས་པའི་བསྒང་ལས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།

ཨིན་རུང་ ཁྲོམ་སྡེ་གིས་ འཁོར་ལམ་ཚུ་ ག་དེ་མགྱོགས་མགྱོགས་ སེལ་ཚུགས་པ་ཅིན་ དེ་དང་འཁྲིལ་ཏེ་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་པས།

ངག་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ རྟ་རྦབ་དང་ བདེ་ཆེན་ཆོས་གླིང་ དེ་ལས་ པཱམ་མཚོ་ལུ་ སྡོད་མི་ཚུ་གི་དོན་ལུ་ ལཱ་ཁག་སྦེ་ བར་སྦིས་ས་ལུ་ སྣུམ་འཁོར་བཅོ་ཁང་ནང་ འགྱོ་མི་དགོ་ནིའི་དོན་ལུ་ མ་འོངས་པ་ལུ་ ཟམ་གྱི་ས་ཁོངས་ནང་ སྣུམ་འཁོར་བཅོ་ཁང་ཚུ་ཡང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

རྒྱ་ཚད་༣༥ དང་ ལྗིད་ཚད་ཊཱོན་༧༠ འབག་ཐེག་མི་ གཞུ་དབྱིབས་ཅན་གྱི་ཟམ་དེ་ རྒྱ་གར་གཞུང་ལས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༤༠ དེ་ཅིག་གི་ ཐོག་ལས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

ཨྱོན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *