ཕུན་ཚོགས་གླིང་ཁྲོམ།

ཧུམ་འཕུར་ཁང་གིས་ སྨད་ཚོང་འཐབ་དོ་ཡོད་པའི་དོགས་སྣང་།

༉ ཕུན་ཚོགས་གླིང་ལུ་ ཨམ་སྲུ་༢ དང་ སྐྱེས་ལོ་༡༤ ལང་མི་བུམོ་ཅིག་ གཞང་ཚོང་དང་འབྲེལ་བའི་ བྱ་ངན་ནང་ གྲལ་གཏོགས་ཡོད་པའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་སྟེ་ཡོདཔ་ཨིན་པས།

ཀུན་གསལ་གྱི་ གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ དོགས་པ་ཅན་ཚུ་ འདས་པའི་བདུན་ཕྲག་ནང་ འཛིན་བཟུང་འབད་ནུག་ཟེརཨིནམ་ད་ དེ་ཡང་ ཁོང་གིས་ གཟུགས་ཁར་ཧུམ་འཕུར་དང་གཅིག་ཁར་ འདོད་སྤྱོད་དང་འབྲེལ་བའི་ ཞབས་ཏོག་བྱིན་པའི་ དོགས་པ་ལུ་བརྟེན་ཨིན་པས།

སྐྱེས་ལོ་༡༤ ལང་མི་ བུམོ་དང་ མོ་རའི་ཆ་རོགས་ སྐྱེས་ལོ་༢༡ ལང་མི་ ཨམ་སྲུ་དེ་ ཧུམ་འཕུར་ཁང་ནང་ ཧུམ་འཕུར་རྐྱབ་མི་ཨིན་རུང་ ཁོང་གཉིས་ཆ་ར་ ངོ་སྦྱོར་ཅན་གྱི་ ཧུམ་འཕུར་རྐྱབ་མི་མེན་པར་ ཚོང་མགྲོན་པ་ཚུ་ལུ་ འདོད་སྤྱོད་ཀྱི་ ཞབས་ཏོག་བྱིན་ནུག་ཟེར་ཨིན་པས།

སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ དོགས་ཅན་ཨམ་སྲུ་༣ པ་དེ་ བདེ་སྐྱིད་ལམ་བདའ་སྟེ་ཡོད་མི་ ཧུམ་འཕུར་ཁང་གི་ ཇོ་བདག་ཨིནམ་ད་ ཧུམ་འཕུར་རྐྱབ་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༡ གི་རིང་ ཞབས་ཏོག་བྱིན་མི་དེ་ལུ་ ཚོང་མགྲོན་པ་རེ་ལས་ དངུལ་ཀྲམ་༡,༥༠༠ རེ་ ལེན་མི་ལས་ དངུལ་ཀྲམ་༡,༠༠༠ དེ་ ཧུམ་འཕུར་ཁང་གི་ ཇོ་བདག་ལུ་ སྤྲོད་ཡོདཔ་བཞིན་དུ་ ལྷག་ལུས་དངུལ་ཀྲམ་༥༠༠ དེ་ ཁོང་རའི་དོན་ལུ་ བཞག་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཧུམ་འཕུར་ཁང་ནང་ ཕོ་མཚན་ཤུབས་ཀྱི་ ཤོག་ཐུམ་དང་ ལག་ལེན་འཐབ་ཡོད་པའི་ ཕོ་མཚན་ཤུབས་ཚུ་འདུག་ཟེར་ཨིནམ་ད་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སྐྱེས་ལོ་༡༤ ལང་མི་ བུམོ་དང་ མོ་རའི་ཆ་རོགས་དེ་ འདོད་སྤྱོད་ལུ་ ཤུགས་ཐལ་མི་ཅིག་ཨིན་པས།

ད་རུང་ དེད་གཡོགཔ་ཅིག་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོད་མི་དེ་ཡང་ སྐྱེས་ལོ་༡༤ ལང་མི་ བུམོ་དང་གཅིག་ཁར་ འབྲེལ་བ་ཡོད་མི་ལུ་བརྟེན་ཨིན་པས།

རྩི་རང་ལས་ཨིན་མི་ བུམོ་དེ་ དེད་གཡོགཔ་དང་ཕྱད་པར་ འོང་ཡོདཔ་ད་ ཁོང་༢ མི་སྡེ་བརྡ་བརྒྱུད་ནང་ འབྲེལ་གནད་བྱུང་ནུག་ཟེར་ཨིནམ་ད་ དེད་གཡོགཔ་དེ་ལུ་ ལོ་ན་མ་སྨིན་པའི་ བུམོ་ཅུང་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཉེས་འཛུགས་འབད་ནི་ཨིན་པས།

ཧུམ་འཕུར་ཁང་གི་ ཇོ་བདག་ཨམ་སྲུ་དེ་གིས་ སྐྱེས་ལོ་༡༤ ལང་མི་ བུམོ་དེ་ མོ་རའི་ ཧུམ་འཕུར་ཁང་ནང་ ལཱ་འའབད་ནིའི་དོན་ལུ་ འབོ་ཡོདཔ་ད་ ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐོ་བཀོད་ཅན་གྱི་ བཟོ་བཟོ་ཁང་དང་ ཨིསི་པ་ ཧུམ་འཕུར་ཁང་ དེ་ལས་ སྨན་བཅོས་ཞབས་ཏོག་ལྟེ་བ་༤༥ དེ་ཅིག་ཡོད་ཟེར་ཨིན་པས།

ཁྲོམ་སྡེའི་ཞུ་བ་དང་འཁྲིལ་ཏེ་ དེ་བཟུམ་མའི་ ཚོང་འབྲེལ་ཁང་གི་ ཆོག་ཐམ་མངམ་བྱིན་ནི་ མཚམས་འཇོག་འབད་དེ་ཡོད་ཟེར་ ཚོང་འབྲེལ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ དང་ འགྲོ་འགྲུལ་བཀག་དམ་ ཡང་བསྐྱར་དུ་ འབད་མི་ལུ་བརྟེན་ ད་རེས་ ཧུམ་འཕུར་ཁང་ལ་སོགས་པའི་ ཚོང་འབྲེལ་ཁང་ག་དེམ་ཅིག་ ལག་ལེན་འཐབ་སྟེ་ཡོད་ག་ མི་ཤེས་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *