༉ བསམ་གྲུབ་ལྗོངས་མཁར་ལས་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་འབད་མི་ཚུ་གིས་ གཞུང་ལམ་བདའ་སྟེ་ཡོད་མི་ ཟ་ཁང་ཚུ་ནང་ བཞེས་སྒོ་ལེགས་ཤོམ་མ་འཐོབ་པའི་ གདོང་ལེན་བྱུང་མི་དེ་ ད་རེས་ནངས་པར་ སེལ་ཐབས་འབད་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་བོང་གའི་གའུན་ལུ་ .ཧི་མ་ལ་ཡ་ཟ་ཁང་ཟེར་ ཟ་ཁང་གསརཔ་ཅིག་ སྒོ་ཕྱེས་ཡོད་མི་ལུ་བརྟེན་ཨིནམ་ད་ ཟ་ཁང་དེ་ནང་ རྒྱ་གར་གྱི་ བཞེས་སྒོ་རྐྱངམ་གཅིག་མེན་པར་ འབྲུག་པའི་བཞེས་སྒོ་ཚུ་ཡང་ ཐོབ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༤ ལང་མི་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ གཞུང་ལམ་དེ་ཁར་ལས་ དུས་རྒྱུན་དུ་ འགྲོ་འགྲུལ་མི་འབད་དོ་ཡོད་རུང་ འཕྲལ་འཕྲལ་འགྲོ་འགྲུལ་འབད་བའི་སྐབས་ གླ་འཁོར་དང་ སྐྱེལ་འདྲེན་བཱསི་ཚུ་བཞག་སའི་ ཟ་ཁང་ཚུ་ནང་ བཞེས་སྒོ་ལེགས་ཤོམ་ མ་འཐོབ་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟ་ཁང་ཚུ་ནང་ བཞེས་སྒོ་ལེགས་ཤོམ་མ་འཐོབ་པའི་ཁར་ བཞེས་སྒོའི་གོང་ཚད་ཚུ་ མཐོ་སུ་ཡོད་པའི་ དཀའ་ངལ་ཡོད་རུང་ བྱ་ཐབས་མེད་པར་ བཟའ་དགོ་པས་ཟེར་ཨིནམ་ད་ ད་རེས་ བོང་གའི་གའུན་ལུ་ ཟ་ཁང་གསརཔ་ཅིག་ སྒོ་ཕྱེས་མི་དེ་ནང་ བཞེས་སྒོ་ལེགས་ཤོམ་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༦ ལང་མི་ གླ་འཁོར་དེད་གཡོགཔ་ ཚེ་དབང་བཀྲིས་དེ་ དུས་རྒྱུན་དུ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་བར་ན་ འགྲོ་འགྲུལ་འབད་མི་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཧེ་མ་ གཞུང་ལམ་བདའ་སྟེ་ བཞེས་སྒོ་ལེགས་ཤོམ་མ་འཐོབ་པའི་ཁར་ གོང་ཚད་ཡང་ ལེ་ཤ་ལེན་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་འགྲུལཔ་ཚུ་གིས་ དེ་ཚུའི་སྐོར་ལས་ ཉོགས་བཤད་བཀོད་མི་ལུ་བརྟེན་ གླ་འཁོར་དེད་གཡོགཔ་ལ་ལོ་ཅིག་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ བཤོལ་བཞག་ཐོག་ལས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དེ་ལས་ སྤ་རོ་ཚུ་གི་བར་ན་ འགྲོ་འགྲུལ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ལམ་འགྲུལཔ་ཚུ་གིས་ སླབ་མིའི་ནང་ བཞེས་སྒོ་ལེགས་ཤོམ་མེད་པའི་ཁར་ གོང་ཚད་ཡང་ མཐོ་སུ་ལེན་དོ་ཡོདཔ་བཞིན་དུ་ དཀའ་ངལ་ངོ་མ་ར་ གསང་སྤྱོད་མེད་མི་དེ་ཨིན་རུང་ ད་རེས་ བོང་གའི་གའུན་གི་ ཟ་ཁང་གསརཔ་ནང་ བཞེས་སྒོ་ལེགས་ཤོམ་ ཐོབ་དོ་ཡོདཔ་མ་ཚད་ གོང་ཚད་ཚུ་ཡང་ བཏུབ་པས་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཟ་ཁང་དེ་ནང་ རྒྱ་གར་དང་ འབྲུག་པའི་བཞེས་སྒོ་༢ ཆ་ར་ ཐོབ་དོ་ཡོདཔ་ལས་ རང་སོའི་གདམ་ཁ་དང་འཁྲིལ་ བཟའ་ཚུགས་པའི་ གོ་སྐབས་ཡོདཔ་བཞིན་དུ་ གསང་སྤྱོད་ཚུ་ཡང་ ཧིང་སངས་ས་སྦེ་ཡོདཔ་ལས་ བཱསི་ཚུ་གིས་ ཟ་ཁང་དེ་ནང་ སྒུག་སྡོད་དོ་ཡོད་རུང་ གླ་འཁོར་ཚུ་གི་ཐད་ཁར་ ཁོང་རའི་སེམས་དང་འཁྲིལ་ འགྱོ་དོ་ཡོདཔ་ལས་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཟ་ཁང་གི་ ཇོ་བདག་དེ་གིས་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ འཕྲལ་འཕྲལ་ཐུག་རྐྱེན་ལ་སོགས་པའི་ དཀའ་ངལ་བྱུང་པའི་སྐབས་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ གཞུང་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཁེ་ཕན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་ ཅི་ཀ་རུ་ བ་ར་མ་གིས་ སླབ་མིའི་ནང་ ཟ་ཁང་གཞི་བཙུགས་འབད་དེ་ ལོ་༡༧ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ འབྲུག་མི་ཚུ་ལུ་ བཞེས་སྒོ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་ཡོདཔ་ལས་ སྤུས་ཚད་དང་ གཙང་སྦྲ་ལྡན་པའི་བཞེས་སྒོ་ བྱིན་ཐབས་ལུ་དམིགས་ཏེ་ ཟ་ཁང་དེ་ རྒྱ་སྐྱེད་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་མི་མང་ཤོས་ཅིག་གིས་ ཕག་ཤ་དང་ ཉ་ བྱ་ཤ་ ར་ཤ་ཚུ་ བཟའ་དོ་ཡོདཔ་བཞིན་དུ་ བཞེས་སྒོའི་གོང་ཚད་ཡང་ དངུལ་ཀྲམ་༡༥༠ དང་༡༨༠ གི་བར་ན་ ལེན་དོ་ཟེར་ཨིནམ་ད་ ད་རེས་ ཟ་ཁང་ནང་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡང་ ལེགས་ཤོམ་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟ་ཁང་གི་ ཞབས་ཏོག་རྐྱངམ་གཅིག་མེན་པར་ གཞུང་ལམ་བདའ་སྟེ་ འབྲུག་མི་ཚུ་ ཐུག་རྐྱེན་ལ་སོགས་པའི་ དཀའ་ངལ་ཚུ་ནང་ ཚུད་པའི་སྐབས་ རྒྱབ་སྐྱོར་ཡང་ འབད་དོ་ཟེར་ཨིནམ་ད་ ད་ལྟོ་ཚུན་ འབྲུག་མི་༦,༠༠༠ ལྷགཔ་ཅིག་ལུ་ རྒྱབ་སྐྱོར་འབད་བའི་སྐབས་ ཉེས་བྱ་མཐོ་ཤོས་དངུལ་ཀྲམ་༨༠,༠༠༠ དང་ དམའ་ཤོས་དངུལ་ཀྲམ་༡༥,༠༠༠ དང་༢༠,༠༠༠ གི་བར་ན་ ཁོ་ར་གིས་ བཏབ་ཅི་ཟེར་ཨིན་པས།
འབྲུག་མི་རྐྱངམ་གཅིག་ལུ་བརྟེན་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ལས་ ད་ལས་ཕར་ ད་རུང་ ཟ་ཁང་དེ་ རྒྱ་སྐྱེད་འབད་དེ་ བཞེས་སྒོའི་རིགས་ཚུ་ཡང་ སྤུས་ཚད་ཡར་དྲག་གཏང་ནིའི་ འཆར་གཞི་ཡོད་མི་ལུ་བརྟེན་ སྤྱིར་བཏང་ལམ་འགྲུལཔ་དང་ ལྷག་པར་དུ་ གཞུང་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་མི་ འབྲུག་མི་ཚུ་ལུ་ སྟབས་བདེ་འོང་ཟེར་ ཅི་ཀ་རུ་བ་ར་མ་གིས་ བཤདཔ་ཨིན་པའི་གནས་ཚུལ།
བོང་གའི་གའུན་ལས་ སྐལ་བཟང་དབང་ཕྱུག།