ཁྲོམ་ཁར་འཁྱམས་སྡོད་མི་ སྤྱང་ཁྱི་ཚུ།

ཧཱ་ལུ་ སྤྱང་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནིའི་དོན་ལུ་ ཉེས་བྱ་བསྡུ་ནིའི་ གྲོས་བསྟུན་འབད་ནི།

ཧཱ་ལུ་ འདས་པའི་ལོ་ནང་ ཟླ་རིམ་བཞིན་དུ་ སྤྱང་ཁྱི་ཚུ་གིས་ མི་༢༠ དེ་ཅིག་ལུ་ སོ་བཏབ་ཡོདཔ་ཨིན་པས།

༉ སྤྱི་ཟླ་༣ པའི་ཚེས་༩ ལུ་ ཧཱ་རྫོང་ཁག་ཚོགས་འདུའི་སྐབས་ དབུས་སུ་རྒཔོ་ ཉི་མ་ཚེ་རིང་གིས་ སྤྱང་ཁྱི་ཚུ་ གཤག་བཅོས་ཀྱི་ ལས་རིམ་ནང་ བདའ་མ་འོང་པ་ཅིན་ ཁྱིམ་གུང་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་ བཀལ་ནིའི་ལམ་ལུགས་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ འཕྲིན་ལས་ཀྱིས་ བཤད་མིའི་ནང་ གནད་དོན་དེ་གི་སྐོར་ལས་ དབུས་སུ་རྒཔོ་གིས་ གྲོས་འདེབས་ཕུལ་ཡོད་རུང་ ཉེས་བྱ་བསྡུ་ནིའི་ ལམ་ལུགས་དེ་ ཁྲོམ་དང་རྒེད་འོག་ག་རའི་ནང་ གཅིག་མཚུངས་དགོ་ཟེར་ཨིནམ་ད་ མི་ཚུ་གིས་ གྲ་སྒྲིག་འབད་ཐབས་ལུ་ གཤག་བཅོས་ཀྱི་ ལས་རིམ་སྐོར་ལས་ ཧེ་མ་ལས་ བརྡ་དོན་སྤྲོད་དགོ་ཟེར་ཨིན་པས།
ས་དམར་རྒཔོ་ ཚེ་དབང་སྟོབས་རྒྱས་ཀྱིས་སླབ་མིའི་ནང་ དབུས་སུ་རྒེད་འོག་གིས་ གྲོས་འདེབས་ཕུལ་རུང་ ལག་ལེན་མ་འཐབ་པའི་ཧེ་མར་ ཁོ་རའི་ རྒེད་འོག་གི་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ ཨིནམ་བཞིན་དུ་ ས་དམར་གྱི་ མི་ཚུ་ལུ་ དེ་གི་སྐོར་ལས་ བརྡ་དོན་མ་སྤྲོདཔ་ལས་ ཁོང་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ཨིན་པས།
ཚོགས་འདུ་གིས་ སྤྱི་འོག་གི་ཚོགས་པ་ལུ་ གྲོས་འདེབས་དེ་གི་ སྙན་ཞུ་ཕུལ་དགོཔ་སྦེ་ སླབ་ཡོདཔ་ད་ བ་ལི་གཞི་རྟེན་སྨན་ཁང་སྡེ་རིམ་༡ པའི་ སྙན་ཞུ་དང་འཁྲིལཝ་ད་ ཧཱ་ལུ་ འདས་པའི་ལོ་ནང་ ཟླ་རིམ་བཞིན་དུ་ སྤྱང་ཁྱི་ཚུ་གིས་ མི་༢༠ དེ་ཅིག་ལུ་ སོ་བཏབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ མི་༢༤༠ ལྷགཔ་ཅིག་ རོ་ཁྱི་ཚུ་གིས་ སོ་བཏབ་ཡོད་པའི་ སྨན་བཅོས་འབད་ཡོདཔ་བཞིན་དུ་ གཞི་རྟེན་སྨན་ཁང་ནང་ དུས་ཅི་ཡང་ མི་༣༣ དེ་ཅིག་ལུ་ རོ་ཁྱི་ཚུ་གིས་ སོ་བཏབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
སྒོ་ནོར་འཕྲོད་བསྟེན་འགོ་དཔོན་ ཌོག་ཊར་འཇིགས་མེད་འཕྲིན་ལས་ཀྱིས་ སླབ་མིའི་ནང་ རོ་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནིའི་དོན་ལུ་ ལོ་༡ ནང་ ཕྱུག་གུ་ ཚད་འཛིན་ལས་རིམ་ཚར་༢ རེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ ཁྲོམ་ལ་སོགས་པའི་ ས་ཁོངས་ཚུ་ནང་ཡང་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ རོ་ཁྱིའི་གྱངས་ཁ་ ཡར་འཕར་འགྱོ་མི་དེ་ སེལ་ཐབས་ལུ་ གཞུང་དང་ རྒྱལ་སྤྱི་མི་སྡེའི་བྱམས་སེམས་ཀྱིས་ མཉམ་འབྲེལ་ལས་འགུལ་ རྒྱལ་ཡོངས་རོ་ཁྱི་མང་ཚད་འཛིན་སྐྱོང་དང་ འཆོལ་ནད་ཚད་འཛིན་ལས་རིམ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཧཱ་སྟོད་ལས་ སྐྱེས་ལོ་༥༤ ལང་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ནུབ་མོར་ ཁྲོམ་གྱི་ས་ཁོངས་ནང་ སྤྱང་ཁྱི་ལེ་ཤ་སྡོད་དོ་ཡོདཔ་ལས་ ཆ་རོགས་ཚུ་གིས་ ཁོང་དང་གཅིག་ཁར་ འགྱོ་དགོཔ་དང་ ཡང་ཅིན་ ཁོང་ལེན་པར་ཤོག་ཟེར་ སླབ་ནི་ཡོད་ཟེར་ཨིནམ་ད་ སྤྱང་ཁྱི་ཚུ་གིས་ ནུབ་མོ་སོ་བཏབ་དོ་ཡོདཔ་ལས་ མི་ཚུ་གིས་ ཕྱི་ཁར་འགྱོ་ནི་མེད་ཟེར་ཨིན་པས།
མི་སྡེ་སེམས་ཅན་ཕྱུག་གུ་འཚའ་ནིའི་ ཚད་འཛིན་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ རེས་གཟའ་ལྷགཔ་ཨ་རྟག་ར་ ཁྱོད་རའི་རོ་ཁྱི་ལུ་ དགའ་ཟེར་བའི་ཉིནམ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཉིནམ་དེ་ཁར་ ཇོ་བདག་ཡོད་པའི་ རོ་ཁྱི་དང་ སྤྱང་ཁྱི་ལ་སོགས་པ་ཚུ་ལུ་ གཤག་བཅོས་འབད་དོ་ཡོད་པའི་ཁར་ དགོས་མཁོ་དང་བསྟུན་ སྨན་ཁབ་ཚུ་ཡང་ བྱིན་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་རིམ་དེ་ཚུ་གི་སྐབས་ སྒོ་ནོར་འཕྲོད་བསྟེན་གྱི་ ལས་བྱེདཔ་བཏང་མིཚུ་ སྦྱོང་བརྡར་ལེགས་ཤོམ་མེདཔ་ལས་ དགོས་མཁོ་དང་བསྟུན་ ཐིམ་ཕུག་ལུ་ཡོད་པའི་ སེམས་ཅན་འཕྲོད་བསྟེན་ལྟེ་བའི་ནང་ རོ་ཁྱི་བཟུང་ཚུགས་པའི་ ལས་བྱེདཔ་དགོ་པའི་ ཞུ་བ་འབད་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོང་གིས་ རོ་ཁྱི་བཟུང་ནིའི་ དཔའ་བཅམ་ཡོད་རུང་ དག་པ་ཅིག་ བཟུང་བའི་ཤུལ་ལས་ ལ་ལོ་ཅིག་གིས་ གཡིབ་སྡོདཔ་མས་ཟེར་ཨིནམ་ད་ འགོ་དཔོན་ཚུ་ རོ་ཁྱི་བཟུང་མི་ཚུ་ལུ་ གཤག་བཅོས་དང་ སྨན་བཅོས་འབད་དགོཔ་ལས་ རོ་ཁྱི་བཟུང་ནིའི་དོན་ལས་ དུས་ཚོད་དང་ སྦྱང་བ་ཡོད་མི་ ལས་བྱེདཔ་ཚུ་ དགོ་ཟེར་ཨིན་པས།
གནམ་དགུན་གྱི་ གནམ་གཤིས་གནས་སྟངས་དེ་གིས་ རོ་ཁྱི་ཚུ་ལུ་ གནོད་ནི་ཨིནམ་ལས་ ལས་རིམ་དེ་ ཟླཝ་༣ དང་༤ དེ་ཅིག་ མཚམས་འཇོག་འབད་ཡོད་རུང་ དུས་ཅི་ སྤྱི་ཟླ་༤ པ་དེ་ཅིག་ལས་ ལོག་འགོ་བཙུགས་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ སྒོ་ནོར་འཕྲོད་བསྟེན་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ གི་ རྒྱལ་ཡོངས་རོ་ཁྱི་ཚད་འཛིན་དང་ འཆོལ་ནད་ཚད་འཛིན་ལས་རིམ་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཧཱ་ལུ་ གོ་རིམ་དང་པའི་སྐབས་ སྤྱང་ཁྱི་༥༠༦ དང་ གོ་རིམ་༢ པའི་ནང་ སྤྱང་ཁྱི་༢༥༦ དེ་ཅིག་ལུ་ གཤག་བཅོས་དང་ སྨན་ཁབ་བཙུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *