ས་དམར་རྒེད་འོག་ བ་ལ་མ་ན་གཡུས་ཚན་ནང་ མོ་བཏབ་བཟུམ་ཅིག་སྦེ་ འཛུགས་སྐྱོང་འབད་མི་འབྱ་རིགས་ བྱ་དཀར་རེད་གནགཔོ་ བསྡུ་བའི་བསྒང་།

ཧཱ་ལུ་ ས་ཁ་མཐོ་སའི་འབྱ་རིགས་ བྱ་དཀར་རེད་གནགཔོ་དེ་ ལེགས་ཤོམ་སྦེ་ འཚོ་དོ་ཡོདཔ།

༉ ཧཱ་རྫོང་ཁག་དེ་ ས་ཁ་མཐོ་སར་ཨིན་རུང་ ད་རེས་ནངས་པར་ རྫོང་ཁག་དེ་ནང་ཡང་ འབྱ་འཚོ་བཏུབ་ནི་དེ་གིས་ མི་མང་ཤོས་ཅིག་ སེམས་དགའ་སྟེ་ཡོདཔ་ད་ དེ་ཡང་ ལོ་ཐོག་དེ་ལུ་བརྟེན་ འཚོ་བའི་གནས་ཚད་ ཡར་དྲག་གཏང་ནིའི་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
མ་གཞི་ རྫོང་ཁག་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༢,༦༧༠ དེ་ཅིག་གི་ ས་ཁར་ཨིན་རུང་ འབྱ་རིགས་ བྱ་དཀར་རེད་གནགཔོ་དེ་ འཚོ་བཏུབ་དོ་ཡོདཔ་ད་ དེ་ཡང་ འབྱ་དེ་ ས་དམར་རྒེད་འོག་ བ་ལ་མ་ན་གཡུས་ཚན་ནང་ མོ་བཏབ་བཟུམ་ཅིག་སྦེ་ འཛུགས་སྐྱོང་འབད་བའི་སྐབས་ གྲུབ་འབྲས་ལེགས་ཤོམ་བྱུང་ནུག།
གཡུས་ཚན་དེ་ནང་ དུས་ཅི་ སྤྱི་ཟླ་༤ པའི་ནང་ འཛུགས་སྐྱོང་འབད་མི་ བྱ་དཀར་རེད་གནགཔོ་དེ་ སྤྱི་ཟླ་༡༠ པའི་ཚེས་༦ ལུ་བརྔ་བའི་སྐབས་ གྲུབ་འབྲས་ལེགས་ཤོམ་བྱུང་ཡོདཔ་ད་ མོ་བཏབ་ལས་རིམ་དེ་ སོ་ནམ་ལས་ཁུངས་དང་ ཐིམ་ཕུག་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་ལྟེ་བ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ནུག།
མོ་བཏབ་ལས་རིམ་ནང་ ཆུ་ཞིང་ཨེ་ཀར་༠.༠༧ ནང་ འབྱ་འཛུགས་སྐྱོང་འབད་བའི་སྐབས་ རེད་ཀེ་ཇི་༡,༤༨༦ ཐོན་སྐྱེད་འབད་ཚུགས་ཡོདཔ་ད་ མ་གཞི་ ཆུ་ཞིང་ཨེ་ཀར་༡ ནང་ བྱ་དཀར་རེད་གནགཔོ་དེ་ འཛུགས་སྐྱོང་འབད་བའི་སྐབས་ རེད་ཀེ་ཇི་༡,༦༠༠ དང་༢,༤༠༠ གི་བར་ན་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོ་བཏབ་ལས་རིམ་གྱི་ གྲུབ་འབྲས་ལུ་བལྟ་བ་ཅིན་ ཧཱ་ལུ་བྱ་དཀར་རེད་གནགཔོ་དེ་ ལེགས་ཤོམ་སྦེ་ འཚོ་བཏུབ་ནི་ཨིནམ་ལས་ ད་ལས་ཕར་ རྫོང་ཁག་དེ་ནང་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་ཐོག་ལས་ སེམས་ཤུགས་བསྐྱེད་བཅུག་དགོཔ་འདུག་ཟེར་ཨིན་པས།
ད་རེས་ ཧཱ་ལུ་ རྒེད་འོག་༦ ཡོད་ས་ལས་ འབྱ་དེ་དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་གཉིས་ཀྱི་ ཁྱིམ་གུང་པ་༢༠༧ གྱིས་ ཆུ་ཞིང་ཨེ་ཀར་༢༢༠ ནང་རྐྱངམ་གཅིག་ འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ རྒེད་འོག་༢ ནང་ དང་ཕུའི་འབྱ་རིགས་དེ་ འཛུགས་སྐྱོང་འབད་དོ་ཡོདཔ་ལས་ ཐོན་སྐྱེད་ལེགས་ཤོམ་མེདཔ་ཨིན་པས།
ད་ལས་ཕར་ བྱ་དཀར་རེད་གནགཔོ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུད་ནི་ཨིནམ་ད་ བྱ་དཀར་རེད་གནགཔོ་དེ་ ས་ཁ་མཐོ་སར་ལེགས་ཤོམ་སྦེ་ འཚོ་བཏུབ་པའི་ འབྱ་རིགས་ཅིག་ཨིནམ་བཞིན་དུ་ འབྱ་དེ་འགོ་ཐོག་ བུམ་ཐང་ལུ་ མོ་བཏབ་ཐོག་ལས་ འཛུགས་སྐྱོང་འབད་བའི་སྐབས་ གྲུབ་འབྲས་ལེགས་ཤོམ་བྱུངམ་ལས་བརྟེན་ མིང་བྱ་དཀར་རེད་གནགཔོ་ཟེར་ བཏགས་ནུག།
བྱ་དཀར་རེད་གནགཔོ་དེ་ རྒྱ་ནག་རྒྱལ་ཁབ་ལས་ཐོན་ཡོདཔ་ད་ འབྱ་རིགས་དེ་ ས་ཁ་མཐོ་སར་འཚོ་བཏུབ་པའི་ཁར་ འབྱ་དང་འབྲེལ་བའི་ནད་ཀྱིས་ མེདཔ་བཏང་མི་ཚུགས་དོ་ཡོདཔ་ད་ རྒྱལ་ཁབ་ནང་འབད་བ་ཅིན་ བྱཱ་རིགས་དེ་༢༠༠༦ ལས་ འཛུགས་སྐྱོང་འབད་ནི་འགོ་བཙུགས་ནུག།
ས་དམར་རྒེད་འོག་ནང་ འབྱ་དཀར་རེད་གནགཔོ་ འཛུགས་སྐྱོང་འབད་ནི་དེ་ སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་གིས་ ན་ཧིང་ རྒེད་འོག་དེ་ནང་ ལྟ་སྐོར་འབད་བའི་སྐབས་ གསུངས་བའི་ཤུལ་ལས་ སོ་ནམ་ལྷན་ལས་ཁུངས་ཀྱིས་ རྒེད་འོག་དེ་ནང་ ཆུ་ཞིང་བཟོ་ནིའི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་ད་ དེ་ལས་ སོ་ནམ་ཞིབ་འཚོལ་ལྟེ་བ་གིས་ ཁྱད་རིག་དང་སོན་གྱི་ རྒྱབ་སྐྱོར་ཚུ་འབད་ནུག།
སོ་ནམ་ལས་ཁུངས་ཀྱི་ སོ་ནམ་འགོ་དཔོན་གོངམ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ མོ་བཏབ་ལས་རིམ་སྐབས་ བྱ་དཀར་རེད་གནགཔོ་དང་ མཁང་མ་དམརཔོ་༢ འཛུགས་སྐྱོང་འབད་བའི་སྐབས་ བྱ་དཀར་རེད་གནགཔོ་རྐྱངམ་གཅིག་གི་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ལས་ འབྱ་དེ་ འཛུགས་སྐྱོང་འབད་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
འབྱ་དེ་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ འཚོ་བ་ངོ་མ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ འབྱ་གི་ཐོག་ལས་ འཚོ་བ་རང་མགོ་རང་འདྲོངས་དེ་ བརྒྱ་ཆ་༤༥ རྐྱངམ་གཅིག་ལུ་ གནས་ཡོདཔ་ལས་ གཞུང་གིས་ འབྱ་གི་ཐོན་སྐྱེད་ཡར་སེང་གཏང་ནི་དེ་ དམིགས་རིམ་གཙོ་བོ་ཅིག་སྦེ་ བཟུང་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འབྱ་གི་ཐོན་སྐྱེད་ཡར་སེང་འབད་ནིའི་ ལས་རིམ་མང་ཤོས་ཅིག་ འགོ་འདྲེན་འཐབ་མིའི་གྲས་ལས་ ས་ཁ་མཐོ་སར་ འབྱ་འཛུགས་སྐྱོང་འབད་མི་དེ་ཅིག་ཨིནམ་ད་ གཞན་མི་ཚུ་ གཡུར་བ་ལེགས་བཅོས་འབད་ནི་དང་ ད་ལྟོ་ཡོད་མི་ ཆུ་ཞིང་ཨེ་ཀར་༡༤,༣༧༨ ལས་༢༠,༢༨༦ ལུ་ ཡར་སེང་འབད་ནི་ལ་སོགས་པ་ཚུ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *