༉ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ ཧཱ་དང་ བསམ་རྩེའི་གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་སོང་མི་དེ་ནང་ སྐྱེས་ལོ་༤༢ ལང་མི་ ཊཱག་གི་དེད་གཡོགཔ་དང་ སྐྱེས་ལོ་༣༡ ལང་མི་ འགྲུལ་པ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
རྩི་སའི་དོ་འབག་མི་ སྣུམ་འཁོར་དེ་ ཧཱ་ཁྲོམ་ལས་ རྒྱན་ཀ་ནང་ཁ་ཐུག་འགྱོ་སའི་ ལམ་ཀི་ལོ་མི་ཊར་༦ གི་ས་གནས་ ཁ་མི་ནང་ཟེར་སར་ལྷོདཔ་ད་ ལམ་འོག་ལས་མར་ མི་ཊར་༢༥ དང་༣༠ འི་བར་ན་ རྦོབ་རིལ་ཡར་སོཔ་ཨིན་པས།
ཊཱག་གི་ཇོ་བདག་ ཀརྨ་གིས་འབད་བ་ཅིན་ ཁོ་ར་ དགེ་འདུ་ལུ་ལྷོདཔ་ད་ དེད་གཡོགཔ་ལུ་ བརྒྱུད་འཕྲིན་བཏང་པའི་སྐབས་ ཁོ་གི་འགྲུལ་འཕྲིན་དེ་ ལག་ལེན་འཐབ་མ་བཏུབ་ བཟོ་བཞག་ཡོདཔ་ལས་ ད་རུང་ ཆུ་ཁ་ལྷོདཔ་ད་ བརྒྱུད་འཕྲིད་བཏང་ཡི་ཟེར་ ཨིན་པས།
ཇོ་བདག་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་ད་ སྣུམ་འཁོར་དེ་ སྤྱི་ཟླ་༡༡ པའི་ཚེས ༩ ལུ་ ཆུ་ཁ་ལས་ སོང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ཀརྨ་གིས་འབད་བ་ཅིན་ ཊཱག་དེ་ ཉི་མའི་ཆུ་ཚོད་༢.༣༠ དང་༣ གྱི་བར་ན་ རྐྱེན་ངན་བྱུང་ཡོད་མི་དེ་ཡང་ དོ་ལྗིད་ཅན་འབག་ཡོདཔ་ལས་ ལམ་སྒོར་ལྟབ་ཅིག་ནང་ལྷོདཔ་ད་ རྦོབ་རིལ་ཡར་སོང་ནུག་ཟེར་ཨིན་པས།
ཧཱ་རྫོང་ཁག་སྨན་ཁང་གི་ཌོག་ཊར་ བསོད་ནམས་ཀྱིས་ སླབ་མིའི་ནང་ དེད་གཡོགཔ་དེ་ དཔྱི་མགོ་གཡསཔ་ལུ་ སྤྱིག་རྨ་བཏོན་ཡོད་པའི་ཁར་ འགྲུལ་པ་དེ་ དཔྱི་སྨད་གཡོན་པའི་ཚིགས་དཀྲུགས་ཡོདཔ་མ་ཚད་ མགུ་ཏོ་གཡསཔ་ཁ་ཐུག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནདཔ་གཉིས་ཆ་ར་ ཧཱ་རྫོང་ཁག་སྨན་ཁང་ནང་ བསྐྱལ་ཡོད་རུང་ ཤུལ་ལས་ སྨན་བཅོས་དང་ བརྟག་ཞིབ་ཀྱི་དོན་ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ལས་ དེད་གཡོགཔ་དེ་ དྲག་ཡོད་རུང་ འགྲུལ་པ་དེ་ ད་ལྟོ་སྨན་བཅོས་འབད་བའི་བསྒང་ཨིན་པའི་གནས་ཚུལ།
སྐད་སྒྱུར་ རྣམ་རྒྱལ་དབང་མོ།