རྒྱ་སྐྱེད་འབད་བའི་བསྒང་ཡོད་མི་ ཧཱ་གི་གཞུང་ལམ།

ཧཱ་གི་གཞུང་ལམ་ སྤྱི་ལོ་༢༠༢༣ གྱི་ཟླཝ་༥ པའི་ནང་ རྩི་ནག་གཏང་ཚར་ནིའི་ཚོད་དཔག།

༉ ཧཱ་རྫོང་ཁག་གི་གཞུང་ལམ་ རྒྱ་སྐྱེད་འབད་བའི་བསྒང་ཡོད་མི་དེ་ སྤྱི་ལོ་༢༠༢༣ གྱི་ཟླཝ་༥ པ་ མཇུག་བསྡུ་ཁམས་ཅིག་ཁར་ ཡོངས་སུ་རྫོགསཔ་སྦེ་ རྩི་ནག་གཏང་ཚར་ནིའི་ ཚོད་དཔག་འབད་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་བཞུགས་རིམ་ནང་ སྦྱིས་སྐར་ཚོགས་དབུས་སུ་གི་ འཐུས་མི་ཨྱོན་བསྟན་འཛིན་གྱིས་ དྲི་བ་བཀོད་པའི་ལན་ལུ་ ཞབས་ཏོག་བློན་པོ་གིས་ ཚོགས་དམངས་ལུ་ ཞུ་ཡོདཔ་ཨིན་པས།

འཐུས་མི་ཨྱོན་བསྟན་འཛིན་གྱིས་ ཞུ་མིའི་ནང་ འབྲུག་དང་ རྒྱ་གར་གྱི་ དཱན་ཊག་ལས་འགུལ་གྱིས་ སྤ་རོ་རོང་ཁག་གི་ ས་གནས་ ཝ་ན་ཁ་ལས་ ཧཱ་རྫོང་ཁག་ཚུན་ཚོད་ རྒྱ་སྐྱེད་འབད་མི་ གཞུང་ལམ་དེ་ ཐིམ་ཕུག་ལས་ སྤ་རོ་དང་ ནུབ་ཕྱོགས་ལས་ ཤར་ཕྱོགས་རྫོང་ཁག་ཚུན་ རྒྱ་སྐྱེད་འབད་དེ་ མི་མང་གིས་ ཞབས་ཏོག་སྤྱོད་བཞིན་དུ་འདུག་ཟེར་ཨིན་པས།

ཨིན་རུང་ ཧཱ་གི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ ད་ལྟོའི་བར་ནང་ཡང་ མཇུག་བསྡུ་མ་ཚུགས་པར་ ཐོག་ལུས་ཏེ་ཡོད་ཟེར་ཨིན་པས།

འཐུས་མི་གིས་ ཞུ་མིའི་ནང་ ཌཱན་ཊག་ལས་འགུལ་འགོ་འདྲེན་འཐབ་མི་ རྒྱ་གར་གྱི་མདོ་འཛིན་དང་ སྤ་རོ་ལུ་ཡོད་པའི་ ལིང་དཔོན་ཚུ་དང་གཅིག་ཁར་ ཁོ་གིས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ གཞུང་གི་འགོ་དཔོན་ཚུ་དང་ཡང་ གསུང་གྲོས་གནང་རུང་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་ ནམ་རྫོགས་ནི་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་པར་ ཡོདཔ་སྦེ་ཨིན་པས།

གཞན་དལ་གཞི་འབད་བ་ཅིན་ ལམ་རྒྱ་སྐྱེད་འབད་ཞིནམ་ལས་ རྩི་ནག་གཏང་ནི་དེ་ཡང་ ལོ་༢ ཀྱི་ཧེ་མ་ལས་ མཇུག་བསྡུ་དགོཔ་ད་ ས་དམར་རྒེད་འོག་ དགོན་ཁ་གཡུས་ཚན་ལས་ སྦིས་ཏི་རང་གཤིས་མཁར་ཚུན་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ རྒྱ་སྐྱེད་འབད་ཚར་རུང་ རྩི་ནག་གཏང་མ་ཚུགས་པར་འདུག་ཟེར་ཨིན་པས།

ཧཱ་གི་རྒེད་འོག་༦ ལུ་རྐྱངམ་གཅིག་མེན་པར་ སྤ་རོ་རྫོང་ཁག་གི་ ནགས་རྒྱ་དང་ རྡོ་སྒར་རྒེད་འོག་༢ ལུ་ཕན་པའི་ ལམ་ཨིནམ་ལས་ ཟླཝ་༡ དང་༢ ནང་ར་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ལས་ ཞབས་ཏོག་ལྷན་ཁག་གིས་ ག་དེ་སྦེ་ ཕྱག་ལཱ་གནང་དོ་ག་ཟེར་ འཐུས་མི་གིས་ཞུ་ཡི།

དེ་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ དམ་ཆུ་ཟམ་ལས་ ཧཱ་ཚུན་ གཞུང་ལམ་ཀི་ལོ་མི་ཊར་༥༠ ཡོད་མི་དེ་ རྒྱ་སྐྱེད་འབད་ནི་ལུ་ ཐོག་ལུས་མི་དེ་ གནད་དོན་གཙོ་བོ་ར་ ཟམ་ཧྲམ་སོ་མི་དེ་ཨིནམ་ད་ དེ་གི་ཤུལ་ལས་ ལྗིད་ཚད་མེ་ཊིག་ཊཱོན་༣༠ འབག་ཚུགས་པའི་ཟམ་གསརཔ་དེ་ ཟླཝ་༦ ནང་ བཟོ་སྐྲུན་འབད་ཚར་ཡི་ཟེར་ཨིན་པས།

མ་གཞི་ གཞུང་ལམ་ལས་ཕར་ རྩི་ནག་དེ་ཡང་ ཧེ་མ་ལས་ གཏང་ཚར་དགོཔ་ཨིན་རུང་ དུམ་གྲ་ཅིག་ལུས་སོ་མི་དེ་ ཅ་ཆས་ཚུ་ དུས་ཚོད་ཁར་ འཐོབ་མ་ཚུགས་མི་དང་ ལས་མི་ཚུ་ འཐོབ་མ་ཚུགས་པའི་གནད་དོན་ལུ་བརྟེན་ ཟླཝ་༦ དེ་ཅིག་གི་ ཕྱིས་སོ་ཡི་ཟེར་ བློན་པོ་གིས་ཞུ་ཡི།

རྒྱ་སྐྱེད་ལམ་ ཀི་ལོ་མི་ཊར་༥༠ ལྷག་ཙམ་ཡོད་མི་ལས་ བརྒྱ་ཆ་༩༩ དེ་ཅིག་ རྒྱ་སྐྱེད་འབད་ཚར་རུང་ ལྷག་ལུས་ ཀི་ལོ་མི་ཊར་༢ ཡོད་མི་དེ་ རྩི་ནག་གཏང་པའི་སྐབས་ རྡོ་རུ་སྤུངས་ནིའི་དོན་ལུ་ བཞག་སྟེ་ཡོད་ཟེར་ཨིན་པས།

ཀི་ལོ་མི་ཊར་༥༡ ལས་༤༩ དེ་ནང་ རྩི་ནག་གཏང་ནིའི་དོན་ལུ་ ཇི་ཨེསི་པི་ཚུ་ བླུགས་ཚར་བའི་ཁར་ ཀི་ལོ་མི་ཊར་༡༠ དེ་ཅིག་ རྩི་ནག་གཏང་ནི་མཇུག་བསྡུ་ཡོདཔ་ལས་ ལྷག་ལུས་ཀི་ལོ་མི་ཊར་༤༠ དེ་ཅིག་ ཞབས་ཏོག་ལྷན་ཁག་དང་ ཌཱན་ཊག་ལས་འགུལ་གཅིག་ཁར་ གྲོས་བསྟུན་འབད་ཡོདཔ་ལས་ སྤྱི་ལོ་༢༠༢༣ གྱི་ཟླཝ་༥ པ་ མཇུག་བསྡུ་ཁམས་ཅིག་ཁར་ རྩི་ནག་གཏང་ཚར་ནིའི་ ཚོད་དཔག་འབད་དེ་ཡོད་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *