༉ ལྷུན་རྩེ་ སྨན་སྦིས་རྒེད་འོག་ གཞུང་མཁར་སྤྱི་འོག་ནང་ བརྩི་སྲུང་འབད་སྲོལ་ཡོད་པའི་ ཧ་ཟ་ནི་ཟེར་མི་ ལྷ་གསོལ་དེ་ ལོ་༡༠ གྱི་རྒྱབ་ལས་ དུས་ཅི་ ལོག་བརྩི་སྲུང་འབད་ཚུགས་ནི་དེ་གིས་ གཡུས་མི་ཚུ་ སེམས་དགའ་སྟེ་འདུག།
དེ་ཡང་ ཉིན་གྲངས་༢ ཀྱི་རིང་ ཀེ་སི་སྦིས་ལྷ་ཁང་ནང་སྦེ་ ཡུལ་ལྷ་གསོལ་བའི་སྐབས་ རྒད་པོ་དང་ རྒན་མོ་ཟེར་ ཆོས་སྲུང་༢ ཀྱི་སྐུ་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ བཙན་གྱི་ཞལ་འབགཔ་བཞེས་ཏེ་ བཙན་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ཡི།
དེ་བཟུམ་སྦེ་ སྐུ་འཆམ་ཚུ་ མཇལ་ཁ་གནང་ཞིནམ་ལས་ གཡུས་ཁའི་ བོ་རོ་མཆོངས་ཟེར་ བྲོ་མཆོངས་རྐྱབ་མི་ ཨམ་སྲུ་༥ དང་ ཕོ་སྐྱེས་༥ གིས་ ལྷ་ཁང་གི་གདོང་ཁར་སྦེ་ དཀོན་མཆོག་༣ དང་ གུ་རུ་རིན་པོ་ཆེ་ལུ་ བསྟོད་བསྔགས་ཕུལ་བའི་ཚིགས་དང་ ཆོས་སྲུང་ དེ་ལས་ བཙན་ཚུ་གིས་ གཡུས་ཁའི་མི་དང་སེམས་ཅན་གྱི་ འགྲོ་དོན་མཛད་ཚུལ་གྱི་ ཚིག་བཅད་ཐོག་ ཞབས་ཁྲ་རྐྱབ་ཨིན་པས།
གཡུས་མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ གཙུག་ལག་ཁང་ལྷ་ཁང་ནང་སྦེ་ སྐྱེས་ལྷ་དང་ ཆོས་སྲུང་ བཙན་ཚུ་ལུ་ གསེར་སྐྱེམས་དང་ ཚོགས་རྫས་ཚུ་ཕུལ་སྟེ་ སྨོན་ལམ་བཏབ་པར་ འོང་དོ་ཡོདཔ་མ་ཚད་ དྲོ་པ་དང་ཕྱི་རུ་ ཚེའི་དབང་ཞུ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ དང་ཕུ་ ཕམ་ཚུ་གི་སྐབས་ ཧ་ཟ་ནི་ཟེར་ གཡུས་ཁའི་མི་ཚུ་ ས་གནས་ག་ཏེ་ཡོད་རུང་ རང་སོའི་ཕམ་སྤུན་ཆ་ཚུ་གིས་ བརྡ་ལན་འབད་ཞིནམ་ལས་ འོང་ཡོདཔ་བཞིན་དུ་ རྒྱས་ཞིང་རྒྱསཔ་སྦེ་ བརྩི་སྲུང་འབད་ནི་ཡོདཔ་ལས་ ལམ་སྲོལ་མ་ཉམས་པར་ སྡོད་ནུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ གཡུས་མི་ཚུ་གིས་ སེམས་ཤུགས་བསྐྱེད་དེ་ ལྷབ་མ་བཏུབ་ལས་ གཡུས་ཁ་ལུ་ ལམ་སྲོལ་ཁྱད་པར་ཅན་དེ་ ཡལ་ནི་གུ་ ལྷོད་སོ་ཡི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༠༥ ཚུན་ བྲོ་མཆོངས་འབད་ནི་ཡོད་མི་དེ་ སྤྱི་ལོ་༢༠༠༦ ལས་༢༠༡༦ ཚུན་ བརྩི་སྲུང་འབད་ཚུགས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཧེ་མ་ ཕམ་བཟངམོ་ཚུ་གིས་ སྲོག་ཤིང་བཟུམ་སྦེ་ བདག་འཛིན་འབད་དེ་ བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་འབད་ཡོད་རུང་ གཡུས་མི་ཚུ་གིས་ བྲོ་མཆོངས་རྐྱབ་ནི་ལུ་ རྒྱབ་སྐྱོར་འབད་མ་བཏུབ་པར་ ལུས་ཡོད་མི་དེ་ དུས་ཅི་ རྒེད་འོག་གིས་ འགོ་འདྲེན་འཐབ་ཡོདཔ་ལས་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ གོ་དང་དཀྱི་ར་ རྡིག་རྡིགམ་ཚུ་གྱོན་ཏེ་ ལམ་སྲོལ་འཛིན་སྐྱོང་འཐབ་ནི་ལུ་ ད་རུང་ འགོ་བཙུགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ལྷག་པར་དུ་ ཧ་ཟ་ནི་གི་སྐབས་ ཕམ་དང་ སྤུན་ཆ་ཚུ་ གཅིག་ཁར་འཛོམས་ཏེ་ དཀོན་མཆོག་༣ ལུ་ ཕྱག་དང་མཆོད་པ་ཕུལ་ནི་དང་ ལྷ་ཁང་དང་ མཆོད་རྟེན་བསྐོར་ར་རྐྱབ་ནི་ དེ་ལས་ གཡུས་ལྷ་དང་ སྐྱེས་བཙན་ཚུ་ལུ་ སྨོན་ལམ་བཏབ་ནི་དང་ སྙན་དར་ཕུལ་ཏེ་ བཞེས་སྒོ་ཚུ་ སྦུག་བཙུགས་ཟ་ནིའི་ དུས་ཚོད་ཁྱད་པར་ཅན་ཅིག་ཨིན་ཟེར་ བསོད་ནམས་བཟང་པོ་གིས་ སླབ་ཨིན་པས།
ཨང་རྒས་པདྨ་གསལ་སྒྲོན་གྱིས་འབད་བ་ཅིན་ མོ་ར་ གཞོནམ་སྦེ་སྡོད་པའི་སྐབས་ ཧ་ཟ་ནི་ཟེར་བའི་སྐབས་ ཟླ་ངོ་༡ གི་ཧེ་མ་ལས་ བཅའ་སྒྲིག་ཚུ་རྐྱབ་སྟེ་ བརྩི་སྲུང་ཞུ་མི་དེ་ ད་རེས་ མར་ཉམས་སོང་ཡོད་པའི་ཁར་ ད་རེས་ནངས་པའི་ མི་སེར་ཚུ་གིས་ཡང་ བརྩི་སྲུང་ཞུ་ནི་ལུ་ སྤྲོ་བ་ལེན་མ་བཏུབ་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཕམ་རྒན་རྒས་ཚུ་ སེམས་ཕམ་བྱུང་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་གི་རྒཔོ་ ཚུལ་ཁྲིམས་ལ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཞབས་ཁྲ་རྐྱབ་མི་དང་ སྐུ་འཆམ་རྐྱབ་མི་ཚུ་གི་བར་ན་ གྲོས་འཆམ་བྱུང་མ་ཚུགས་པའི་ཤུལ་ལས་ ལོ་༡༠ དེ་ཅིག་གི་རིང་ བྲོ་མཆོངས་རྐྱབ་མི་མེད་པར་ སྡོད་ནུག་ཟེར་ཨིན་པས།
ཨིན་རུང་ ཡུལ་ལྷ་གསོལ་ནི་དེ་ ཕམ་ཚུ་གིས་ མ་ཉམས་པར་འབད་མི་ལུ་བརྟེན་ རྒེད་འོག་གིས་ ལོག་འགོ་བཙུགས་དགོཔ་སྦེ་སླབ་གནང་ཡོདཔ་བཞིན་དུ་ ད་རེས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ དུས་ཅི་བ་དྲགཔ་སྦེ་ སང་ཕོད་ཀྱི་ལོ་ནང་ འགོ་འདྲེན་འཐབ་ནིའི་དོན་ལུ་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ འཆར་གཞི་བརྩམ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
གཞུང་མཁར་ལས་ བཀྲིས་ཕུན་ཚོགས།