སློབ་རིམ་༧ པ་ལས་༩ པ་དང་༡༡ པའི་དོན་ལུ་ སློབ་གྲྭ་སྒོ་ཕྱེ་ནིའི་ འཆར་གཞི་མེདཔ།

༉ ད་ལྟོ་ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༧ པ་ལས་༩ པ་ཚུན་དང་ སློབ་རིམ་༡༡ པའི་དོན་ལུ་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནི་གི་ འཆར་གཞི་མེདཔ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ནང་ སློབ་རིམ་དེ་ཚུ་གི་དོན་ལུ་ སློབ་གྲྭ་ཚུ་ སྤྱི་ཟླ་༨ པ་ལས་ ལོག་སྒོ་ཕྱེ་ནི་གི་ འཐོར་གཏམ་ཁྱབ་སྤེལ་སོང་མི་དེ་ མི་བདེན་ནི་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ སྒོ་ཕྱེ་ནིའི་སྐོར་ མི་མང་ལུ་ གསལ་བསྒྲགས་མ་འབད་ཟེར་ དོགས་སེལ་འབདཝ་བཞིན་དུ་ གལ་སྲིད་ སློབ་གྲྭ་ཚུ་ སྒོ་ཕྱེ་ནི་སྦེ་ གཞུང་གིས་ ཐག་བཅད་པ་ཅིན་ དེ་དང་བསྟུན་ གསལ་བསྒྲགས་འབད་འོང་ཟེར་ ལྷན་ཁག་གི་ མི་སྡེ་བརྡ་བརྒྱུད་ཕེསི་བུག་ནང་བཀོད་ནུག།
སྤྱི་ཟླ་༧ པའི་ཚེས་༣༠ ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ དུས་མཐུན་དང་ གྲ་སྒྲིག་གི་སྐོར་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སློབ་གྲྭ་ཚུ་ སྒོ་ཕྱེ་ནི་གི་ འོས་འབབ་བལྟ་དོ་ཟེར་ གསུངས་ནུག།
ཨིན་རུང་ གནས་སྟངས་དང་བསྟུནམ་ད་ སྟབས་མ་བདེཝ་ ཆུང་ཀུ་ཅིག་ཡོད་མི་དེ་ སློབ་གྲྭ་ལ་ལོ་ཅིག་ བློ་གསར་སློབ་རིམ་ལས་༨ པ་ཚུན་ཡོདཔ་ལས་ སློབ་རིམ་༢ ཀྱི་དོན་ལུ་ སློབ་གྲྭ་སྒོ་ཕྱེ་བ་ཅིན་ ད་རེས་ སློབ་དཔོན་དང་ ལས་བྱེདཔ་མང་ཤོས་ར་ ལོག་སློབ་གྲྭ་ནང་ འཛོམས་དགོ་པས་ཟེར་ཨིན་པས།
བདེ་སྲུངཔ་ཚུ་གི་གྲས་ལས་ བརྒྱ་ཆ་༦༥ དེ་ཅིག་ སློབ་དཔོན་ཚུ་ཨིནམ་ད་ དེ་ཚུ་ག་ར་ སློབ་གྲྭ་ནང་ འབོ་བཀུག་འབད་བ་ཅིན་ སྲུང་རྒྱབ་མེད་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ སློབ་རིམ་༡༠ པ་དང་༡༢ པ་དང་གཅིག་ཁར་ སློབ་རིམ་༩ པ་དང་༡༡ པའི་ སློབ་ཕྲུག་ཚུ་ཡང་ མཉམ་སྡེབ་འབད་བ་ཅིན་ ཁྱད་པར་ཅིག་ མི་འཐོན་འོང་ཟེར་སླབ་མི་ ལེ་ཤ་ཐོན་ཡི་ཟེར་ཨིན་པས།
སློབ་རིམ་༡༠ པ་དང་༡༢ པའི་དོན་ལུ་ སློབ་གྲྭ་ཚུ་ཡང་ སྤྱི་ཟླ་༧ པའི་ཚེས་༡ ལས་ ལོག་སྒོ་ཕྱེས་ཡོདཔ་བཞིན་དུ་ དེ་བསྒང་ གཞུང་གིས་ དེ་ཚུའི་གནས་སྟངས་བལྟ་ཐོག་ལས་ སློབ་རིམ་གཞན་ཚུ་ ཕྱེ་ནི་གི་ ལས་འཆར་བརྩམས་ནུག།
བློན་ཆེན་གྱིས་ གསུངས་མིའི་ནང་ སློབ་རིམ་ལེ་ཤ་ སྒོ་ཕྱེ་བ་ཅིན་ མི་སྡེ་ནང་ ནད་ཡམས་ཀོ་བིཌ་-༡༩ འཐོན་ཉེན་ཡོད་མི་དེ་ཡང་ དཔེར་ན་ མི་སྡེ་ནང་ ནད་ཡམས་ཁྱབ་སྤེལ་ཐོག་ སློབ་ཕྲུག་༡༠༠ ལུ་ ནད་འབུབ་འཐོབ་ནིའི་ཉེན་ཁ་བརྒྱ་ཆ་༡༠༠ རེ་ འཐོན་འོང་ཟེར་ཨིན་པས།
བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ དུས་ཅིའི་སློབ་དུས་ནང་ སློབ་གྲྭ་ཚུ་ སྒོ་མི་ཕྱེ་ནི་ཨིན་རུང་ སློབ་རིམ་༧ པ་ལས་ སློབ་རིམ་༡༢ པ་ཚུན་ ཡང་ཅིན་ སློབ་རིམ་༩ པ་དང་༡༡ པ་ཚུ་ སློབ་རིམ་༡༠ པ་དང་༡༢ པ་དང་གཅིག་ཁར་ བསྡབ་པ་ཅིན་ ག་དེ་སྦེ་འོང་ནི་མས་ཟེར་ བློན་ཆེན་གྱིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཕྱག་ཡར་སེང་བཅུགཔ་ད་ མང་ཤོས་ཅིག་གིས་ ངོས་ལེན་འབད་ཡི།
གནད་དོན་དེའི་སྐོར་ ཤེས་རིག་ལྷན་ཁག་བརྒྱུད་དེ་ ཤེས་རིག་གཙོ་འཛིན་དང་ སློབ་གྲྭའི་དབུ་འཛིན་ སློབ་དཔོན་ དེ་ལས་ ཨ་ལོའི་ཕམ་ལེ་ཤ་ཚུ་དང་གཅིག་ཁར་ བརྟག་ཞིབ་འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ བློན་ཆེན་གྱི་ ཁ་ཐུག་ལས་འབད་རུང་ སློབ་རིམ་༧-༡༢ པ་ཚུན་ཚོད་ སློབ་གྲྭ་སྒོ་ཕྱེ་བ་ཅིན་ སྟབས་མ་བདེཝ་ མ་མཐོང་རུང་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་གྱི་ སློབ་དཔོན་ལེ་ཤ་ འབོ་དགོཔ་ལས་ ཚ་གྱང་ཡོད་ཟེར་གསུངས་ཡི།
སློབ་གྲྭ་ཚུ་ ནད་ཡམས་ལུ་བརྟེན་ སྒོ་བསྡམས་བཞག་པའི་སྐབས་ ཤེས་རིག་ལྷན་ཁག་དང་ ལས་སྡེ་༡༢ ཀྱི་ རྒྱབ་སྐྱོར་དང་ མཉམ་འབྲེལ་ཐོག་ལས་ གློ་བུར་ཤེས་ཡོན་ སློབ་ཕྲུག་ཚུ་ལུ་ བཀྲམ་སྤེལ་འབད་ནུག།
ལྷན་ཁག་གིས་ སློབ་གྲྭ་ཚུ་ སྒོ་བསྡམས་པའི་ ནམ་དུས་ལུ་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ གློ་བུར་ཤེས་ཡོན་ཚུ་ རྒྱང་མཐོང་དང་ གསར་ཤོག་ཚུ་ནང་ སློབ་སྟོན་འབད་ཡོདཔ་བཞིན་དུ་ མཁོ་ཆས་ཚུ་ལུ་ ད་ཚུན་ དངུལ་ཀྲམ་ས་ཡ་༢༢.༥༤༠ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནད་ཡམས་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱབ་སྤེལ་རིམ་ཐེངས་༢ པའི་ནང་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ མགྱོགས་དྲགས་སྦེ་ ཁྱབ་འགྱོ་དོ་ཡོད་མི་དང་བསྟུན་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོནམ་ཨིན་མས། ཧེ་མ་དང་ཕྱདཔ་ད་ ད་རེས་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *