སློབ་རིམ་༡༢ པའི་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བརྒྱ་ཆ་༥.༨ ཡར་སེང་སོང་ཡོདཔ།

༉ སྤྱི་ལོ་༢༠༢༢ ཀྱི་ སློབ་རིམ་༡༢ པའི་ འབྲུག་སློབ་གྲྭ་གོང་མའི་ ལག་ཁྱེར་ཆོས་རྒྱུགས་ཀྱི་ སྤྱིར་བཏང་མཐར་འཁྱོལ་བརྒྱ་ཆ་༨༧.༨༠ ཐོན་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༥.༨༠ གིས་ ཡར་སེང་སོང་ནུག།

དེ་ཡང་ སྤྱི་ལོ་༢༠༢༡ ལུ་ སློབ་རིམ་༡༢ པའི་ སྤྱིར་བཏང་ མཐར་འཁྱོལ་བརྒྱ་ཆ་༨༢ ལས་བརྒལ་མེདཔ་ད་ ཆོས་རྒྱུགས་ཀྱི་གྲུབ་འབྲས་དེ་ཡང་ ཁ་ཙ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ གསལ་བསྒྲགས་འབད་ཡི།

སྤྱི་ལོ་༢༠༢༢ ཀྱི་ ཆོས་ཚན་དབྱེ་ཁག་སོ་སོའི་ མཐར་འཁྱོལ་བརྒྱ་ཆ་དེ་ཡང་ ཚན་རིག་ཆོས་ཚན་ནང་ བརྒྱ་ཆ་༨༥.༨༥ དང་ ཚོང་རིག་ནང་ བརྒྱ་ཆ་༨༧.༦༣ དེ་ལས་ ནང་རིག་ནང་ བརྒྱ་ཆ་༨༨.༧༢ ཨིན་པས།

འབྲུག་སློབ་གྲྭ་གོང་མའི་ ལག་ཁྱེར་ཆོས་རྒྱུགས་ཀྱི་དོན་ལུ་ གཞུང་གི་སློབ་གྲྭ་༦༤ དང་ སྒེར་གྱི་སློབ་གྲྭ་༢༠ འབདཝ་ད་ འབྲིང་རིམ་སློབ་གྲྭ་གོང་མ་༨༠ ལས་ སློབ་ཕྲུག་༡༣,༤༩༠ གིས་ ཐོ་བཀོད་འབད་མི་ལས་༡༣,༣༧༣ གྱིས་ ཆོས་རྒྱུགས་ཕུལ་ནུག།

སློབ་ཕྲུག་༡༡,༧༤༢ ཀྱིས་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཡོདཔ་བཞིན་དུ་ སློབ་ཕྲུག་༡,༦༣༡ འབདཝ་ད་ བརྒྱ་ཆ་༡༢.༢ གིས་ མཐར་འཁྱོལ་མ་ཚུགས་པས།

འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཅི་ མཐར་འཁྱོལ་ཚད་གཞི་ ཡར་སེང་སོང་མི་དེ་ཡང་ སློབ་ཕྲུག་ཚུ་གིས་ སློབ་དུས་ཧྲིལ་བུ་སྦེ་ བལྟ་ཚུགས་ནི་དེ་གིས་ཨིན་མས་ཟེར་ཨིན་པས།

སྤྱི་ལོ་༢༠༢༡ གི་ སློབ་དུས་ནང་ ཀོ་བིཌ་-༡༩ ལུ་བརྟེན་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་སྦྱང་མ་ཚུགས་མི་ལུ་བརྟེན་ མཐར་འཁྱོལ་གྱི་ ཚད་གཞི་ཡང་ མར་བབས་སོང་ཡི་ཟེར་ཨིན་པས།

གནད་དོན་གཞན་མི་དེ་ སློབ་རིམ་༡༡ པ་ལས་ སློབ་ཕྲུག་ཚུ་གིས་ དབྱེ་ཞིབ་ཚད་གཞི་གསརཔ་ལས་ མཐར་འཁྱོལ་འོང་མི་ལུ་བརྟེན་ འོང་ནི་མས་ཟེར་ འགོ་དཔོན་གྱིས་ བཤད་ཡོདཔ་ད་ དབྱེ་ཞིབ་ཚད་གཞི་གསརཔ་ནང་ སློབ་ཕྲུག་ཚུ་གིས་ དུས་རྒྱུན་དབྱེ་ཞིབ་དང་ ཆོས་རྒྱུགས་ངོ་མ་ལས་ སྐུགས་ཚད་བརྒྱ་ཆ་༤༠ རེ་ ཐོབ་དགོཔ་ཨིན་པས།

དབྱེ་ཞིབ་ཚད་གཞི་གསརཔ་དེ་ སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཡོདཔ་ཨིན་པས།

ཆོས་རྒྱུགས་ཀྱི་གྲུབ་འབྲས།

སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་ ཚན་རིག་ནང་ལས་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ སློབ་ཕྲུག་རིག་མཛེས་ལྷ་མོ་གིས་ སྐུགས་བརྒྱ་ཆ་༨༩.༥༠ ཐོབ་སྟེ་ རྒྱལ་ཡོངས་ནང་ལས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།

ཨང་གཉིས་པ་དེ་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ པདྨ་བདེ་སྐྱིད་གཡང་སྒྲོན་དང་ ཀརྨ་སློབ་གྲྭ་ལས་ འཇམ་དབྱངས་རྡོ་རྗེ་གཉིས་ཀྱིས་ སྐུགས་༨༨.༧༥ རེ་ཐོབ་སྟེ་ ཨང་༢ པ་ཐོན་ནུག།

དེ་བཟུམ་སྦེ་ ཨོ་རྒྱན་རིག་སྤེལ་འབྱུང་གནས་སློབ་གྲྭ་ལས་ སློབ་ཕྲུག་ཚེ་རིང་ཆོས་སྒྲོན་དང་ རྒྱལ་འཛིན་སློབ་གྲྭ་ལས་ པདྨ་རིག་འཛིན་༢ ཀྱིས་ སྐུགས་བརྒྱ་ཆ་༨༨.༢ རེ་ཐོབ་སྟེ་ ཨང་༣ པ་ཐོན་ནུག།

ཚོང་རིག་གི་ ཆོས་ཚན་ནང་ལས་ སྡེ་སྲིད་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་ཕྲུག་པདྨ་དབང་ཕྱུག་གིས་ སྐུགས་བརྒྱ་ཆ་༩༠.༥ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ཨང་༢ པ་དེ་ སྐུགས་བརྒྱ་ཆ་༩༠ རེ་ཐོབ་སྟེ་ སློབ་གྲྭ་དེ་ནང་ལས་ར་ ཡིད་གསལ་ལྷ་འཛིན་མཚོ་རྒྱལ་དང་ ཆོས་སྐྱིད་རྡོ་རྗེ་༢ ཀྱིས་ཐོན་ནུག།

འགྲམ་ཕུག་སློབ་ལྟེ་བ་ལས་ སློབ་ཕྲུག་རུ་པ་ཕུ་ཡུལ་དང་ ཨོ་རྒྱན་རིག་སྤེལ་འབྱུང་གནས་སློབ་གྲྭ་ལས་ ཅ་ཌི་མ་ཡ་ སུ་བྷ་༢ ཀྱིས་ སྐུགས་བརྒྱ་ཆ་༨༩.༧༥ རེ་ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ཨིན་པས།

ནང་རིག་གི་ ཆོས་ཚན་ནང་ལས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ འཇམ་དབྱངས་ཀུན་ལེགས་པདྨ་དང་ ཨོ་རྒྱན་རིག་་པའི་འབྱུང་གནས་ཀྱི་སློབ་ཕྲུག་ གཡུ་སྒྲོན་སྒྲོལ་མ་༢ ཀྱིས་ སྐུགས་བརྒྱ་ཆ་༨༩.༢ རེ་ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ཨོ་རྒྱན་རིག་པའི་འབྱུང་གནས་ཀྱི་སློབ་ཕྲུག་ པདྨ་གསལ་སྒྲོན་གྱིས་ སྐུགས་བརྒྱ་ཆ་༨༧.༥༠ ཐོབ་སྟེ་ ཨང་༢ པ་ཐོན་ནུག།

ཀརྨ་སློབ་གྲྭའི་ སློབ་ཕྲུག་རིག་འཛིན་ནོར་བུ་གིས་ སྐུགས་བརྒྱ་ཆ་༨༦.༧༥ ཐོབ་སྟེ་ ཨང་༣ པ་ཐོན་ནུག།

སྐད་ཡིག་དང་ ལམ་སྲོལ་འབྲིང་སློབ་གྲྭ་གོང་མའི་ ཆོས་རྒྱུགས་ནང་ ཨང་དང་པ་དང་༢ པ་ དེ་ལས་༣ པ་ག་ར་ ཀྲོང་གསར་སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ ཐོན་ཡོདཔ་ད་ དེ་ཡང་ ཀུན་ལེགས་རྒྱལམོ་གིས་ སྐུགས་བརྒྱ་ཆ་༨༥.༧༥ དང་ བསོད་ནམས་ལྷུན་གྲུབ་ཀྱིས་ སྐུགས་བརྒྱ་ཆ་༨༢.༧༥ དེ་ལས་ ཚེ་རིང་ཕུན་ཚོགས་ཀྱིས་ སྐུགས་བརྒྱ་ཆ་༨༢.༢༥ ཐོབ་སྟེ་ ཨང་དང་པ་དང་༢ པ་ དེ་ལས་ ཨང་༣ པ་ཐོན་ནུག།

སློབ་རིམ་༨ པའི་ནང་ གཞུང་གི་ཆོས་རྒྱུགས་ནང་ལས་ ཝམ་རོང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་པདྨ་བཟང་མོ་གིས་ སྐུགས་བརྒྱ་ཆ་༩༤.༡༨ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ཨང་༢ པ་དེ་ ཌོག་ཊར་སྟོབས་རྒྱལ་སློབ་གྲྭ་ལས་ སྐུགས་བརྒྱ་ཆ་༩༣.༩༥ ཐོབ་སྟེ་ འཇིགས་གསལ་ལྷུན་གྲུབ་དབང་ཕྱུག་གིས་ཐོན་ནུག།

བཀྲིས་སྒང་རང་འབྱུང་སློབ་གྲྭ་ལྟེ་བ་ལས་ སློབ་ཕྲུག་ལྷ་དབང་མཚོ་སྐྱིད་ཀྱིས་ སྐུགས་བརྒྱ་ཆ་༩༣.༢༠ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ད་ སློབ་རིམ་༨ པའི་ གཞུང་གི་ཆོས་རྒྱུགས་དེ་ ལོ་ངོ་མང་རབས་ཅིག་གི་རྒྱབ་ལས་ ན་ཧིང་ ལོག་འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *