སློབ་རིམ་༡༠ པའི་སྐུགས་ཀྱི་ཚད་གཞི་མེན་པར་ ཤེས་རིག་གི་ སྤུས་ཚད་ཁག་ཆེ་ནི།

 

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ གདོང་ལེན་སྦོམ་ཤོས་ར་ ཤེས་རིག་གི་ སྤུས་ཚད་མར་ཉམས་འགྱོ་མི་དེ་ཨིནམ་ལས་ གནས་རིམ་ཆ་མཉམ་གྱི་ནང་ རྩོད་འགྲན་གྱི་ གྲོས་གནས་ཅིག་ལུ་ གྱུར་ཏེ་ཡོདཔ་མ་ཚད་ འདས་པའི་སྤྱི་ཚོགས་ཀྱི་ ཚོགས་ཁང་གཉིས་ཆ་ར་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་ཞིབ་པར་ གནང་ཡོད་རུང་ ཁྱད་པར་ཅིག་ བཟོ་མ་ཚུགས།
རྒྱལ་ཁབ་ནང་ ཤེས་རིག་གི་ སྤུས་ཚད་མར་ཉམས་འགྱོ་མིའི་ རྒྱུ་རྐྱེན་གཙོ་བོ་ར་ སློབ་དཔོན་ལངམ་མེད་མི་དང་ ཆོས་ཚན་སློབ་དཔོན་མེན་མི་གིས་ སློབ་སྟོན་འབད་མི་ སློབ་ཁང་ནང་ སློབ་དཔོན་དང་ སློབ་ཕྲུག་གི་ ཆ་ཚད་མ་ལྡན་མི་ དེ་ལས་ རྩ་གཞུང་འབྲེལ་གནད་མེད་མི་དང་ སྤུས་ཚད་མེད་པའི་ སློབ་དེབ་ཚུ་ སློབ་སྟོན་འབད་མི་ལུ་བརྟེན་ཨིནམ་སྦེ་ བཤདཔ་ཨིན་མས།
ང་བཅས་ཀྱིས་ རྒྱུ་མཚན་དེ་ཚུ་ལུ་ ངོས་ལེན་འབདཝ་དང་གཅིག་ཁར་ ཤེས་རིག་གི་ སྤུས་ཚད་མར་ཉམས་ལུ་ ལྷན་ཐབས་འབད་མི་ གནད་དོན་གཞན་ལེ་ཤ་ཡོད་མི་ཚུ་ལུ་ བལྟ་དགོཔ་ཡོད་མི་དེ་ཡང་ སློབ་གྲྭ་ཚུ་ནང་ འཐུང་ཆུ་དང་ གཙང་སྦྲའི་མཐུན་རྐྱེན་ལངམ་སྦེ་ མེད་མི་དེ་གིས་ཡང་ ལྷབ་སྦྱང་གི་ གནས་སྟངས་སྐྱོ་དྲགས་ཐོག་ ཤེས་རིག་གི་ སྤུས་ཚད་ལུ་ གནོདཔ་ཨིན་མས།
ད་ལྟོ་ གནས་སྟངས་འདི་བཟུམ་ཡོད་པའི་ ནམ་དུས་ལུ་ གཞུང་གིས་ སློབ་རིམ་༡༠ པའི་སྐུགས་ཀྱི་ཚད་གཞི་མེདཔ་ བཟོ་ནི་གི་ གྲོས་འཆར་བཀོད་མི་དེ་ ལྷག་པར་དུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ སློབ་རིམ་༡༠ པའི་ སྐུགས་ཚད་ཀྱི་ ཚད་གཞི་མེད་པའི་བསྒང་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཆ་མཉམ་ སློབ་རིམ་༡༡ པའི་ནང་ ཤེས་ཡོན་འཕྲོ་མཐུད་སྦྱངམ་ད་ ཤེས་རིག་གི་ སྤུས་ཚད་ལུ་ ཧེང་སྐལ་ར་ ཐོ་ཕོག་ཉེན་ཡོད་མི་དེ་ཡང་ སློབ་ཕྲུག་རིག་རྩལ་ཡོད་མི་དང་ མེད་མིའི་བར་ན་ དོ་འགྲན་མི་འོང་ནི་དང་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ཆེ་བ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་མི་ཚུ་ནང་ སློབ་ཕྲུག་གི་ གྱངས་ཁ་མང་དྲགས་པའི་ གདོང་ལེན་ཚུ་འབྱུང་འོང་།
སློབ་ཁང་ཚུ་ནང་ སློབ་ཕྲུག་མང་དྲགས་པའི་བསྒང་ལས་ སློབ་དཔོན་དང་ སློབ་ཕྲུག་གི་ ཆ་ཚད་མ་སྙོམས་པར་ མཐའན་མཇུག་ལུ་ ཤེས་རིག་གི་ སྤུས་ཚད་ལུ་ ཐོ་ཕོག་ནི་དང་ ཤེས་ཡོན་ལེགས་ཤོམ་ཡོད་མི་ སློབ་ཕྲུག་ཚུ་ཡང་ སེམས་ཤུགས་མར་ཉམས་ཐོག་ སྦྱང་བརྩོན་མི་འབད་ནིའི་ འོས་འབབ་ཡོད།
རྒྱལ་ཁམས་ཀྱིས་ ཤེས་རིག་གི་ སྤུས་ཚད་ལེགས་ལྡན་བཟོ་ནི་དང་ རིག་རྩལ་དང་འཁྲིལ་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་བཟོ་ཐབས་ལུ་ རྩ་ཁྲིམས་ཆེན་མོའི་ནང་ཡང་ ན་གཞོན་ཕོ་མོ་ཚུ་ལུ་ སློབ་རིམ་༡༠ པ་ཚུན་ ཤེས་ཡོན་སྟོང་པར་ བྱིན་དགོཔ་སྦེ་ གསལ་བཀོད་གནང་ཡོདཔ་ད་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ སློབ་རིམ་༡༡ པ་ལས་འགོ་བཟུང་ མཐོ་རིམ་སློབ་གྲྭ་ཚུ་ནང་ གཟེངས་ཐོན་ལུ་ གཞི་བཞག་སྟེ་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་གི་ གོ་སྐབས་བྱིན་དགོཔ་ཨིན་མས།
གལ་སྲིད་ གཞུང་གིས་ ཁས་བླངས་གསལ་བསྒྲགས་དང་འཁྲིལ་ སློབ་རིམ་༡༠ པའི་སྐུགས་ཚད་མེདཔ་བཟོ་སྟེ་ མཐར་འཁྱོལ་མི་ སློབ་ཕྲུག་ཆ་མཉམ་ར་ སློབ་རིམ་༡༡ པའི་ནང་ ལྷབ་ནི་གི་ གོ་སྐབས་བཟོ་བ་ཅིན་ དང་པ་ར་ རྩ་ཁྲིམས་ཆེན་མོའི་ རྩ་དོན་དེ་ བསྒྱུར་བཅོས་འབད་དགོཔ་བཞིན་དུ་ དེ་གི་དོན་ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ རྩོད་འགྲན་གནང་དགོཔ་ལས་ དུས་ཚོད་འཕྲོ་བརླག་འགྱོ་ནི་ཅིག་ལས་བརྒལ་ གཞན་མི་མཐོངམ་མས།
མ་གཞི་ སྐུགས་ཚད་མེད་པ་ཅིན་ སྤྱིར་བཏང་སློབ་ཕྲུག་ཚུ་གི་དོན་ལུ་ ལེགས་ཤོམ་འོང་ནི་ཨིན་རུང་ ཕམ་དང་སློབ་དཔོན་ཚུ་གི་ འགན་ཁུར་དེ་ར་ ཤེས་རིག་ཡོན་ཏན་ལྷབ་མི་ ཨ་ལོ་ཚུ་ལུ་ སྤུས་ཚད་ཅན་གྱི་ ཤེས་ཡོན་ཐོབ་ཚུགསཔ་ ངེས་བརྟན་བཟོ་ནི་དེ་ཨིན།
འདི་འབདཝ་ལས་ ད་ལྟོ་ འབྲུག་རྒྱལ་ཁབ་འདི་ ཡར་རྒྱས་འགྱོ་བའི་ གནས་རིམ་ནང་ མ་ལྷོད་ཚུན་ཚོད་ ང་བཅས་ཀྱིས་ སློབ་རིམ་༡༠ པའི་ གཞི་རིམ་ཤེས་ཡོན་གནས་ཚད་ལས་ སློབ་རིམ་༡༢ པ་ལུ་ ཡར་སེང་འབད་ནི་ལུ་ གཙོ་བོར་བཟུང་ནི་མེན་པར་ མར་ཉམས་འགྱོ་བའི་བསྒང་ཡོད་མི་དང་ ད་རེས་ནངས་པར་ རྒྱལ་ཡོངས་ཀྱི་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོད་མི་ ཤེས་རིག་གི་ སྤུས་ཚད་དང་ ཤེས་ཡོན་ལྷབ་སྦྱང་གི་ ས་གོ་ལེགས་ལྡན་ ག་དེ་སྦེ་ བཟོ་བ་ཅིན་ དྲག་ནི་ཨིན་ན་ རྩོད་འགྲན་དང་ ཐབས་ལམ་བཏོན་ནི་ལུ་ ཤུགས་བཏོན་དགོཔ་འདུག།
ད་ལྟོའི་གནས་སྟངས་ནང་ གཞུང་གི་ ཁས་བླངས་འགྲུབ་ནི་མེན་པར་ མ་འོངས་ཡུན་རིང་གི་ ཐུགས་བཞེད་གནང་སྟེ་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་དེ་ ག་ནི་བ་ གལ་ཆེཝ་སྦེ་མཐོངམ་མས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *