སློབ་རིམ་༡༠ པ་ལས་ མཐར་མ་འཁྱོལ་མི་ཚུ་ ཤེས་ཡོན་འཕྲོ་མཐུད་སྦྱང་བཞིན་དུ་ཡོདཔ།

༉ བློན་ཆེན་ཡིག་ཚང་གི་ བཀའ་རྒྱ་དང་འཁྲིལ་ ཤེས་རིག་ལྷན་ཁག་གིས་ ཤེས་རིག་སྲིད་བྱུས་ཀྱི་ གནས་ཚིག་ཚུ་ ཆ་མེད་བཏང་ཐོག་ལས་ ས་སྟོང་ག་ཏེ་ཡོད་སར་ མཐར་མ་འཁྱོལ་མི་ སློབ་ཕྲུག་ཚུ་ལུ་ འཕྲོ་མཐུད་དེ་ར་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་སྤྲོད་བཞིན་དུ་ཡོད་ཟེར་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ ཞུ་ཡི། 

དེ་ཡང་ མོང་སྒར་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་ལྷ་མོ་གིས་  སློབ་རིམ་༡༠ པ་དང་༡༢ པ་ མཐར་མ་འཁྱོལ་མི་ཚུ་ དཔེ་ཆ་ ལོག་ལྷབ་ནི་གི་ གོ་སྐབས་གནང་ཡོད་རུང་ ལོག་སློབ་གྲྭ་ནང་འཛུལ་ནིའི་ ས་སྟོང་མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ གདོང་ལེན་བྱུང་ཡོད་མི་ལུ་ གཞུང་ལས་ ཐབས་ལམ་ག་ཅི་སྒྲིག་སྟེ་ཡོད་ཟེར་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ ཞུ་བའི་ལན་ལུ་ བློན་པོ་གིས་ཞུ་ཡི།

འཐུས་མི་གིས་ འབད་བ་ཅིན་ ཤེས་རིག་སྲིད་བྱུས་༢༠༡༤ ཅན་མ་དང་འཁྲིལ་བ་ཅིན་ སློབ་རིམ་༡༠ པ་དང་༡༢ པ་ལས་ མཐར་མ་འཁྱོལ་བ་ཅིན་ ལོག་ལྷབ་ནི་གི་ གོ་སྐབས་ཐོབ་ཟེར་ བཀོད་ཡོད་རུང་ ས་སྟོང་མེད་པར་ ཕམ་དང་སློབ་ཕྲུག་ཚུ་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།

ཤེས་རིག་བློན་པོ་གིས་ སློབ་རིམ་༡༠ པའི་ནང་ སློབ་ཕྲུག་༡༢,༥༥༧ གྱིས་ ཆོས་རྒྱུགས་རྐྱབ་མི་ལས་ སློབ་ཕྲུག་༣,༧༤༩ མཐར་མ་འཁྱོལ་བའི་ཁར་ སློབ་རིམ་༡༢ པའི་ནང་ སློབ་ཕྲུག་༡༣,༠༤༢ ཀྱིས་ ཆོས་རྒྱུགས་རྐྱབ་མི་ལས་༢,༤༨༧ མཐར་མ་འཁྱོལ་བས་ཟེར་ ཞུ་ཡི།

བློན་པོ་གིས་འབད་བ་ཅིན་ སློབ་རིམ་༡༠ པའི་སློབ་ཕྲུག་༡,༧༡༦ དེ་ཅིག་ ལོག་སྟེ་ར་ གཞུང་གི་སློབ་གྲྭ་ནང་དང་ སློབ་ཕྲུག་༢,༡༣༣ གཞུང་གི་སློབ་གཉེར་གྲོགས་རམ་བྱིན་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས། 

སྒང་ཟུར་-སྨིན་རྒྱས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་ ལོག་དཔེ་ཆ་བལྟ་མི་ཆོག་ཟེར་ སྲིད་བྱུས་ག་ཏེ་ཡང་མེད་པའི་ཁར་ སྲིད་བྱུས་ནང་ཡོད་པ་ཅིན་ དེ་སྦེ་ར་བཞག་ནི་ཨིན་ན་ཟེར་ཞུ་ཡི།

ད་རུང་ འཐུས་མི་གིས་ ཁྲོམ་སྡེ་ཤེས་རིག་ཡིག་ཚང་ལུ་ ཡིག་ཐོག་ལུ་ དྲི་བ་ཚར་༢ རེ་བཏང་རུང་ དོགས་སེལ་ཅིག་ ག་ནི་ཡང་མ་ལྷོདཔ་ལས་ ཤེས་རིག་བློན་པོ་དང་ མདོ་ཆེན་ཚུ་གིས་ བཀག་བཞགཔ་ཨིན་ན་ཟེར་ དྲི་བ་ཞུ་ཡི།

སློབ་གཉེར་གྲོགས་རམ།

དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ སློབ་ཕྲུག་ལ་ལོ་ སློབ་རིམ་༡༢ པ་མཐར་འཁྱོལ་རུང་ གྲུབ་འབྲས་ལེགས་ཤོམ་མེདཔ་ལས་ མཐར་འཁྱོལ་གྲུབ་འབྲས་ལེགས་ཤོམ་འཐོན་ནི་དོན་ལུ་ ལོག་སྟེ་ར་ལོ་༡ སློབ་སྦྱོང་འབད་བའི་མཐའ་མར་ སྐུགས་བརྒྱ་ཆ་༨༠ དང་༩༠ ཐོབ་རུང་ ཕྱིའི་སློབ་གཉེར་གྲོགས་རམ་ མི་ཐོབ་པས་ཟེར་ ཞུཝ་དང་འབྲེལ་ ན་གཞོན་ཚུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ གཞུང་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ གོ་སྐབས་དང་ ཐབས་ལམ་སྒྲིག་དགོཔ་འདུག་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༩ པའི་དོན་ཚན་༡༦ པའི་ནང་ མཐོ་རིམ་ཤེས་ཡོན་དེ་ གཟེངས་ཐོན་ལུ་གཞི་བཞག་སྟེ་ ག་ར་ལུ་ འདྲ་མཉམ་སྦེ་ ཐོབ་ལམ་བཟོ་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ སློབ་རིམ་༩ པ་ལས་༡༢ པ་ཚུན་ དཔེ་ཆ་ཚར་༢ ལས་ལྷག་སྟེ་ ལོག་བལྟ་ནིའི་ གོ་སྐབས་མི་འཐོབ་ཟེར་མི་ ཤེས་རིག་གི་སྲིད་བྱུས་ ཆ་མེད་བཏང་ཡི་ཟེར་མི་དེ་ མི་བདེན་པས་ཟེར་ འཐུས་མི་ཨྱོན་དབང་འདུས་ཀྱིས་ ཞུ་བའི་ཁར་ འཕྲལ་ཁམས་ཅིག་ཁར་བཏང་མི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ རང་སོའི་སློབ་གྲྭ་ནང་ཚར་༢ ལས་ལྷག་སྟེ་ ལྷབ་མི་ཆོག་ཟེར་མི་ སྲིད་བྱུས་དེ་ དེ་སྦེ་ར་ ལུས་དོ་བཟུམ་ཅིག་འདུག་ཟེར་ཞུ་ཡི།

ཤེས་རིག་བློན་པོ་གིས་ སློབ་ཕྲུག་མཐར་མ་འཁྱོལ་མི་ཚུ་ལུ་ ལོག་སྟེ་ར་ ཆོས་རྒྱུགས་རྐྱབ་ནིའི་ གོ་སྐབས་སྤྲོད་དོ་ཟེར་ ཞུ་བའི་ཁར་ ཁོང་ལུ་ ཕྱི་ནང་༢ ཀྱི་སློབ་གཉེར་གྲོགས་རམ་ འདྲ་མཉམ་སྦེ་ བྱིན་ཡོད་ཟེར་ཞུ་ཡི།

སློབ་ཕྲུག་ལ་ལོ་ཅིག་ མཐར་འཁྱོལ་ཏེ་འབད་རུང་ ལོག་བལྟ་མི་ཚུ་གི་ཐད་ལུ་ ཕྱི་ཁའི་སློབ་གཉེར་གྲོགས་རམ་ མེདཔ་མ་གཏོགས་ ནང་འཁོད་སློབ་གཉེར་གྲོགས་རམ་དེ་ བྱིན་བཞིན་དུ་ཡོད་ཟེར་ བློན་པོ་གིས་ ཞུ་ཡི། 

འཐུས་མི་ཨྱོན་དབང་འདུས་ཀྱིས་ སློབ་ཕྲུག་ཚུ་ སློབ་རིམ་༡༠ པ་ནང་ ཚར་༢ ལས་བརྒལ་ ལྷབ་མི་ཆོག་ཟེར་བ་ཅིན་ རྩ་ཁྲིམས་ཆེན་མོའི་ ཐོབ་དབང་ལས་ཡང་ འགལ་བ་ཨིནམ་མ་ཚད་ རྩ་ཁྲིམས་ཆེན་མོ་དང་ སྲིད་བྱུས་༢ བལྟ་སྟེ་ ཕྱི་མི་གིས་ དེ་གཉིས་ལུ་ སྟབས་བདེཝ་འདུག་ཟེར་ སླབ་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྙན་གྲགས་ལུ་ སྟབས་མ་བདེཝ་འཐོན་ནི་ཨིནམ་ལས་ སྲིད་བྱུས་བསྒྱུར་འབད་དགོཔ་འདུག་ཟེར་ ཞུ་ཡི།

སྐྱེངས་མཁར་-ཝེ་རིང་ལའི་  འཐུས་མི་རིག་འཛིན་རྒྱ་མཚོ་གིས་ ནད་ཡམས་དང་ རྒྱལ་ཁབ་ནང་འཁོད་ནང་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་ཉུང་སུ་ལས་བརྒལ་མེདཔ་ལས་ གོ་སྐབས་བཟོ་ཐབས་ལུ་ གཞུང་གིས་ གནས་ཡུན་སྐབས་  མཐོ་རིམ་སློབ་གྲྭ་ ག་དེ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་དང་ ལས་རིམ་ཡོད་ག་ཟེར་ཞུ་ཡི།

སློབ་ཕྲུག་ཚུ་ སྒེར་གྱི་མཐོ་རིམ་སློབ་གྲྭ་༢ ནང་ གདམ་འཐུ་འབད་རུང་ སློབ་ཕྲུག་སྟོང་ཕྲག་ལས་བཅད་དེ་ ལུས་ཉེན་ཡོདཔ་ལས་ གཞུང་གིས་ འཕྲལ་དང་མ་འོངས་པའི་ དཀའ་ངལ་སེལ་ཐབས་འབད་ནིའི་ འཆར་གཞི་ག་ཅི་ར་ཡོད་ག་ཟེར་ འཐུས་མི་གིས་ཞུ་ཡི།

ཤེས་རིག་བློན་པོ་གིས་ དྲི་བ་དེ་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ སྲིད་བྱུས་དང་འབྲེལ་བ་ཡོདཔ་ལས་  བློན་ཆེན་གྱིས་ ཁ་གསལ་སྦེ་ གསུངས་ནི་ཡོདཔ་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *