༉ ཁ་ཙ་ སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་ལས་ མཐོ་རིམ་ཤེས་ཡོན་འགོ་དང་པ་ མཐར་འཁྱོལ་མི་ སློབ་ཕྲུག་༡༣ ལུ་ ད་རེས་ནངས་པར་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ ལྗགས་ལུང་གནང་སའི་ས་ཁོངས་ ཀུན་གསལ་ཕོ་བྲང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲིས་ཁ་དར་དང་ ལག་ཁྱེར་ཚུ་གནང་ཡི།
སེམས་དོན་རིག་པའི་ སྤེལ་ཁང་ལས་ ནང་པའི་གཞུང་ནང་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་མི་༡༣ གྱི་གྲས་ཁར་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ ཚེ་རིང་རྡོ་རྗེ་དང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འོགམ་ མཆི་མེད་རྡོ་རྗེ་༢ ཡོདཔ་ཨིན་པས།
སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་དེ་ སྤྱི་ལོ་༢༠༡༤ ཟླ་༨ པའི་ཚེས་༨ ལུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ དབུ་འཛུགས་གནང་མི་དེ་ཡང་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་གི་ ངོ་རྟགས་དང་ ཐུན་མོང་མ་ཡིན་པའི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་ ཡོངས་སུ་གྲགས་པ་དེའི་རྩ་བ་ ལུས་སེམས་ལེགས་བཅོས་འབད་ནི་ལུ་ རག་ལསཔ་ལས་ དེ་འགྲུབ་ནིའི་ཐབས་ལམ་ གཙོ་བོ་ར་ ཞི་བདེ་དང་ འཚེ་བ་མེདཔ་ སྙིང་རྗེ་དང་ རང་སེམས་བཏུལ་ནི་ཚུ་ བསྟན་པའི་སངས་རྒྱས་པའི་ ཆོས་འབད་ནི་དེ་གིས་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་གིས་ འགོ་འདྲེན་ཐོག་ལས་ ལོ་ངོ་༣ གྱི་ སློབ་སྦྱོང་དེ་ འགོ་བཙུགས་ཡོདཔ་ཨིན་པས།
ཁ་ཙ་ ལེགས་དར་དང་ ལག་ཁྱེར་གནང་པའི་སྐབས་ མཁན་པོ་རྟ་མགྲིན་སྲིད་ཐུབ་ཀྱིས་ བཤད་མིའི་ནང་ སེམས་དོན་རིག་པའི་སྤེལ་ཁང་དེ་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུགས་པའི་སྐབས་ མཐོ་རིམ་གནས་ཚད་ལུ་མཁོ་བའི་ ལམ་སྟོན་འཆར་གཞི་དང་ ལམ་སྟོན་སྒྲིག་གཞི་ དེ་ལས་ ཆོས་ཚན་རྩ་གཞུང་ཚུ་ཡང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ མཉམ་འབྲེལ་ཐོག་ རྩ་གཞུང་མཁས་མཆོག་ཚུ་དང་་ ཁུངས་གཏུགས་ཀྱི་ འབྲེལ་བ་འཐབ་སྟེ་ ལེགས་པར་གྲུབ་པའི་ རྩ་གཞུང་ལམ་སྟོན་ཐོག་ལུ་ སློབ་སྦྱོང་ཚུ་ བྱིན་ནུག་ཟེར་ཨིན་པས།
སྤེལ་ཁང་དེ་གི་ འགན་འཁྲི་ཡང་ ཁག་༤ སྦེ་ཡོད་མི་དེ་ཡང་ ཨིང་སྐད་ཆོས་ཚན་༢ ནང་ སྐུགས་ཚད་བརྒྱ་ཆ་༥༠ དང་ རང་སྐད་ཆོས་ཚན་ནང་ སྐུགས་བརྒྱ་ཆ་༥༠ ཐོབ་མི་ གཏན་འཇགས་ཀྱི་ སློབ་སྦྱོང་པ་སྡེ་ཚན་སྦེ་ ངོས་ལེན་འབདཝ་མ་ཚད་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་ གོ་སྐབས་བྱིན་པའི་ཁར་ གནམ་དབྱར་དགུན་ལུ་ སློབ་གྲྭའི་ངལ་གསོ་སྐབས་ སློབ་རིམ་༡༠ པ་དང་༡༡ པ་ དེ་ལས་ སློབ་རིམ་༡༢ པའི་ནང་ལྷབ་མི་ སློབ་ཕྲུག་ཚུ་ལུ་ དྷརྨ་སྤྲོ་སྒར་གྱི་ ལམ་རིམ་ཐོག་ ན་གཞོན་ལུ་ཕན་པའི་ སྤྱིར་བཏང་ནང་པའི་ཆོས་དང་འབྲེལ་བའི་ དུས་ཐུང་སློབ་སྦྱོང་བདུན་ཕྲག་༢ ཀྱི་རིང་ བྱིན་པའི་གུ་ སྤྱིར་བཏང་ལུ་ཕན་པའི་ ཆོས་བཤད་ལས་རིམ་ཚུ་ སྤེལ་ཁང་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
མཁན་པོ་རྟ་མགྲིན་སྲིད་ཐུབ་ཀྱིས་འབད་བ་ཅིན་ སེམས་དོན་རིག་པའི་སྤེལ་ཁང་གི་ དམིགས་ཡུལ་དེ་ར་ འབྲུག་པའི་མི་སེར་ཚུ་ ཆོས་ཀྱི་ལྟ་བ་ལུ་ གོམས་འདྲིས་ཚུད་བཅུག་ནི་དང་ སྐྱབས་རྗེ་རྗེ་མཁན་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཚུ་ རིམ་པར་གྲུབ་སྟེ་ ཞི་བདེ་དང་ དགའ་སྐྱིད་ཚད་མེད་ཀྱི་ལམ་ལུ་ གནས་ཐབས་དང་ མ་འོངས་ན་གཞོན་ཚུ་ ཡ་རབས་བསམ་སྤྱོད་བཟང་པོའི་ ཐབས་བྱུས་ ཐུན་མོང་མ་ཡིན་པའི་ རིག་རྩལ་མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་ཐབས་ལུ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།