ཁས་བླངས་ཐོག་ལས་ གློག་རིག་ཡོངས་འབྲེལ་ལག་ལེན་གྱི་ ལྷབ་སྦྱང་འབད་མི་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ།

སློབ་ཕྲུག་ཚུ་གིས་ བརྡ་དོན་ཡོངས་འབྲེལ་ ཉེན་སྲུང་དང་ལྡནམ་སྦེ་ ལག་ལེན་འཐབ་ཐངས་ཀྱི་ལྷབ་སྦྱང་།

༉ རྒྱལ་ཁབ་ནང་ གློག་རིག་ཡོངས་འབྲེལ་ཨིན་ཊར་ནེཌ་ལུ་ ལང་ཤོར་ཐལ་མིའི་སྐོར་ལས་ ལོ་རྒྱུས་ཐོནམ་བཞིན་དུ་ དགེ་ལེགས་ཕུག་ལུ་ ན་གཞོན་སློབ་ཕྲུག་སྡེ་ཚན་ཅིག་ལུ་ ཉེན་སྲུང་དང་ལྡནམ་སྦེ་ ཡོངས་འབྲེལ་ག་དེ་སྦེ་ ལག་ལེན་ འཐབ་ནི་ཨིན་ནའི་སྐོར་ གོ་བརྡ་སྤྲོད་པའི་བསྒང་ཡོདཔ་ཨིན་པས།
སློབ་ཕྲུག་༤༣ འབད་མི་ སྡེ་ཚན་དེ་ ཁས་བླངས་པ་ཨིནམ་ད་ སློབ་ཕྲུག་ཚུ་གིས་ གློག་རིག་ཡོངས་འབྲེལ་ དུས་ཡུན་ག་དེམ་ཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ བརྟག་ཞིབ་འབད་བའི་བསྒང་ཡོད་མི་དེ་ཡང་ ཁོང་གི་ལས་འགུལ་ཅིག་ཨིན་པས།
བརྟག་་ཞིབ་དང་འཁྲིལཝ་ད་ ལན་གསལ་རྐྱབ་མི་ བརྒྱ་ཆ་༥༥ དེ་ཅིག་གིས་ ཨ་རྟག་ར་ ཡོངས་འབྲེལ་ལག་ལེན་འཐབ་དོ་ཡོདཔ་མ་ཚད་ བརྒྱ་ཆ་༥༣ དེ་ཅིག་གིས་ ཉིནམ་ཨ་རྟག་ར་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ལག་ལེན་འཐབ་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ལན་གསལ་རྐྱབ་མི་༢༧༥ ག་ར་ སློབ་རིམ་༨ པ་ལས་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ཨིན་པས།
བརྟག་ཞིབ་ནང་ ལན་གསལ་རྐྱབ་མི་བརྒྱ་ཆ་༥༠ དེ་ཅིག་གིས་ ཕམ་ཚུ་ལས་ ་ཡོངས་འབྲེལ་ལག་ལེན་ལུ་ བཀག་འཛིན་འབད་ནི་མེད་པའི་ མཐོང་གསལ་བྱུང་མི་དེ་ ཚ་གྱང་ཅན་ཅིག་ཨིནམ་སྦེ་ བཀོད་ཡོདཔ་ད་ ན་གཞོན་ལ་ལོ་ཅིག་ལུ་ ཕ་མའི་ཧོངས་ལས་ ཡོངས་འབྲེལ་ལག་ལེན་འཐབ་ནི་མི་འོང་ཟེར་ སླབ་མི་ལུ་ སེམས་དང་མ་ལྡན་པའི་སྐོར་ སླབ་མི་ཡང་ ཐོནམ་མས་ཟེར་ བཀོད་ནུག།
དེ་མ་ཚད་ ཉིན་བསྟར་བཞིན་དུ་ སློབ་ཕྲུག་བརྒྱ་ཆ་༥༠ དེ་ཅིག་གིས་ དུས་ཡུན་ཆུ་ཚོད་༡ ལས་༥ འི་བར་ན་དང་ བརྒྱ་ཆ་༢༠ དེ་ཅིག་གིས་ དུས་ཡུན་ཆུ་ཚོད་༥ ལས་ལྷག་སྟེ་ ཡོངས་འབྲེལ་ལག་ལེན་འཐབ་དོ་ཡོདཔ་སྦེ་ བརྟག་ཞིབ་སྙན་ཞུ་ནང་བཀོད་ནུག།
བརྟབ་ཞིབ་དང་འཁྲིལཝ་ད་ ན་གཞོན་ཚུ་གིས་ ཡོངས་འབྲེལ་སྐོར་ལས་ ཁོང་རའི་ ཕམ་ལུ་སླབ་རུང་ ཕམ་ཚུ་གིས་ ཚ་གྱང་ལང་ནི་མེད་མི་དེ་ཡང་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་དང་ ཡུ་ཊུབ་ དེ་ལས་ ཡོངས་འབྲེལ་གྱི་ རྩེད་རིགས་ཚུ་ རྩེད་མི་ལུ་བརྟེན་ཨིན་པས།
ཆ་རོགས་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཤུགས་བཙོང་མི་དང་ སྡུག་སྦྱོང་བྱིན་མི་ དེ་ལས་ པར་ཚུ་ ཚུལ་མིན་ཐོག་ ལག་ལེན་འཐབ་དོ་ཡོད་པའི་སྐོར་ ལན་གསལ་ནང་ བཀོད་ཡོདཔ་ད་ མི་སྡེ་བརྡ་བརྒྱུད་ནང་ གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་ད་ འདོད་སྤྱོད་དང་འབྲེལ་བའི་ བཤད་ཐོ་བཏང་མི་དང་ པར་མཐོང་མི་ཚུ་ གནོད་ཉེན་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ཡིག་ཚང་གི་ ཞབས་ཏོག་བྱིན་མི་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ བརྟག་ཞིབ་ལས་འགུལ་ འགོ་འདྲེན་འཐབ་མི་དེ་ གློག་རིག་ཡོངས་འབྲེལ་དང་འབྲེལ་བའི་ གནོད་ཉེན་སྐོར་ གོ་བརྡ་སྤྲོད་ཐབས་ལུ་ཨིནམ་ད་ ན་གཞོན་ཚུ་གིས་ ཡོངས་འབྲེལ་ནང་ ཉེན་སྲུང་དང་ལྡདམ་སྦེ་ ལག་ལེན་ག་དེ་སྦེ་འཐབ་ནི་ཨིན་ན་ གོ་བརྡ་སྤྲོདཔ་ཨིན་ཟེར་ཨིན་པས།
ཟླཝ་༡ གི་རིང་ལུ་ བརྟག་ཞིབ་འབད་མིའི་ དམིགས་ཡུལ་དེ་ ན་གཞོན་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ རང་གི་རིག་རྩལ་དང་ ཡོན་ཏན་ཡར་དྲག་གཏང་ཐབས་ལུ་ཨིནམ་ད་ བརྟག་ཞིབ་ཀྱི་སྦྱོང་ལཱ་དང་ གོ་བསྡུར་ཞལ་འཛོམས་ དེ་ལས་ ཞབས་ཁྲ་རྐྱབ་ནིའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེའི་སྐོར་ལས་ དུས་ཐུང་གློག་བརྙན་བཟོ་སྟེ་ གོ་བརྡ་སྤྲོད་འོང་ཟེར་ པདྨ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁས་བླངས་སྡེ་ཚན་གྱིས་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མ་དང་ཆེ་བ་ དེ་ལས་ དཔལ་རི་ཐང་སློབ་གྲྭ་བར་མའི་ སློབ་ཕྲུག་༡༥༠ དེ་ཅིག་ལུ་ གོ་བརྡ་སྤྲོདཔ་དང་གཅིག་ཁར་ མི་སྡེ་བརྡ་བརྒྱུད་ཀྱིས་ བཟའ་ཚང་ལུ་ ཕན་གནོད་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ཡང་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།
ཁས་བླངས་སྡེ་ཚན་ལུ་ བསྟན་སྲུང་དམག་མིའི་ ཨམ་སྲུ་༣༠ དེ་ཅིག་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ ལས་རིམ་དེ་ ན་གཞོན་གོང་འཕེལ་མ་དངུལ་ཡིག་ཚང་གིས་ རྒྱལ་སྤྱི་ཨ་ལོའི་མ་དངུལ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *