སློབ་ཕྲུག་བུཚ་ཅིག་ལུ་ གློག་རྒྱུན་རེག་སྟེ་ ཤི་རྐྱེན་བྱུང་ཡོདཔ།

༉ རྩི་རང་སྟོད་སློབ་གྲྭ་ལྟེ་བའི་ སློབ་རིམ་༨ པའི་སློབ་ཕྲུག་ སྐྱེས་ལོ་༡༥ ལང་མི་ བུཚ་ཅིག་ལུ་ གློག་རྒྱུན་རེག་མི་ལུ་བརྟེན་ཏེ་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ དེ་ཚེ་ཕྱི་རུ་ སློབ་གྲྭའི་ ཞབས་ཁྲ་སྣ་ཚོགས་ཀྱི་ ལས་རིམ་ཅིག་ཡོདཔ་ལས་ དེ་གི་དོན་ལུ་ ཚེ་འདས་བུཚ་དེ་དང་ སློབ་གྲྭའི་འཕྲུལ་རིགཔ་གཉིས་ གློག་རྒྱུན་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ལྟ་བའི་སྐབས་ལུ་ བྱུང་ཡོདཔ་སྦེ་ཨིན་པས།
གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་བུཚ་དེ་གི་ ལགཔ་གཡོནམ་དང་ རྐངམ་གཡསཔ་ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ཨིན་པས།
ཚེ་འདས་བུཚ་དེ་ མཐོང་ཐོས་ཀྱི་དོ་དམ་པ་སྦེ་ བསྐོས་ཡོདཔ་ལས་ དེ་བསྒང་ ཁོ་གིས་ འཕྲུལ་རིགཔ་དེ་ལུ་ ཆ་རོགས་འབད་བའི་སྐབས་ལུ་ གློག་རྒྱུན་རེག་ཡོདཔ་ཨིན་པས།
ཚེ་འདས་བུཚ་དེ་ལུ་ གློག་ཤེལ་གྱི་ གློག་ཐག་རྙིངམ་དེ་ བཏོན་ཟེར་སླབ་པའི་སྐབས་ལུ་ ཁོ་གིས་ གློག་རྒྱུན་ཡོད་མི་ གློག་ཐག་དེ་དཀྲོགས་པའི་རྐྱེན་ལས་ གློག་རྒྱུན་རེག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་བུཚ་དེ་གིས་ ཀ་རེན་ཀ་རེན་ཟེར་ སྐད་རྐྱབ་སྟེ་ སླབ་ཅིག་ར་ འཕྲུལ་རིགཔ་དེ་གིས་ དེ་འཕྲོ་ལས་ ཐབ་ཚང་ནང་ཡོད་མི་ གློག་རྒྱུན་ཨམ་ཡོད་སར་སོང་སྟེ་ གློག་མེ་བསད་ཡོདཔ་ཨིན་པས།
སློབ་གྲྭའི་སློབ་དཔོན་ཚུ་གིས་ཡང་ བུཚ་དེ་ སྐད་རྐྱབ་སར་གོ་ཡོདཔ་ལས་ དེ་འཕྲོ་ལས་ ས་གནས་ནང་ བལྟ་བར་འགྱོ་བའི་བསྒང་ལས་ ཚེ་འདས་བུཚ་དེ་ དྲན་མེད་སྦེ་ མཐོང་ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ དེ་འཕྲོ་ལས་ ཉེ་འདབས་ཀྱི་ གཞི་རྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ ཚེ་ལས་འདས་སོཔ་ཨིན་པས།
ཚེ་འདས་བུཚ་དེ་གི་ ཕུངམ་དེ་ ཁོ་རའི་ཕོ་རྒནམ་ལུ་ རྩིས་སྤྲོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *