སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་ལུ་བརྟེན་ དབུ་འཛིན་འོག་མ་འཛིན་བཟུང་།

༉ ཐིམ་ཕུག་སྦྱིས་མེད་ནང་ལུ་ཡོད་མི་ སྒེར་གྱི་སློབ་གྲྭ་ཆུང་བའི་ དབུ་འཛིན་འོགམ་ སྐྱེས་ལོ་༣༩ ལང་མི་དེ་གིས་ སྐྱེས་ལོ་༡༡ ལས་༡༥ གི་བར་ན་འབད་མི་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་པའི་ གནད་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༦ ལུ་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཕམ་ཅིག་གིས་ ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ད་ ཉོགས་བཤད་བཀོད་མི་གིས་འབད་བ་ཅིན་ དབུ་འཛིན་འོག་མ་གིས་ སློབ་ཕྲུག་བུམོ་ལེ་ཤ་ཅིག་ལུ་ འདོད་སྤྱོད་ཀྱི་ གནོད་འཚེ་འབད་ཡོདཔ་མ་ཚད་ བུམོ་༩ ཆ་ར་གིས་ གནོད་འཚེ་འབད་ཡོདཔ་སྦེ་ དབུ་འཛིན་འོག་མ་ལུ་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ཡང་ བྱུང་རྐྱེན་ཚུ་གི་སྐོར་ལས་ སྒྱིད་དར་གོངམ་སྨན་ཁང་གི་ ལས་བྱེདཔ་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༥ ལུ་ སླབ་པའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ ཉོགས་བཤད་བཀོད་མི་དང་ ཕམ་གཞན་དག་པ་ཅིག་ སློབ་གྲྭ་ནང་འབོ་ཞིནམ་ལས་ དབུ་འཛིན་འོག་མ་གིས་ སློབ་ཕྲུག་བུམོ་༦ ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་སྐོར་ སླབ་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ རྩིས་ཀྱི་སློབ་དཔོན་ཡང་ཨིནམ་ད་ ཁོ་གིས་ རྩིས་ཀྱི་སློབ་སྟོན་སྐབས་ སློབ་རིམ་༦ པའི་ སློབ་ཕྲུག་བུམོ་ཚུ་ལུ་ དུས་ཅི་ སློབ་ཡུན་བཙུགས་པའི་ ནམ་དུས་ལས་ར་ འདོད་སྤྱོད་གནོད་འཚེ་འབད་ཡོདཔ་སྦེ་ ཉམས་རྒུདཔ་ཚུ་གིས་ སླབ་ནུག།
ཁ་ཉེས་ཕོག་མི་དེ་གིས་ བུམོ་ཚུ་གི་ རྒྱབ་ཁ་ལས་ འོང་ཞིནམ་ལས་ ཕང་མར་བཏབ་ནི་དང་ བརླད་དོ་འཕུར་ནི་ དེ་ལས་ འཕྲལ་འཕྲལ་ར་ ཨོམ་དཀྲོག་ནི་དང་ འུ་བཀལ་ནི་ལ་སོགས་པ་ཚུ་ འབད་ནི་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ དེ་ཚེ་ར་ འཛིན་བཟུང་འབད་ཡོད་རུང་ ཁོ་ལུ་ ཁ་ཉེས་བཀལ་མི་ཚུ་ལུ་ རྫུན་ཁ་བཟེད་མ་བཏུབ་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་སྐབས་ སློབ་རིམ་༥ པ་དང་༦ པའི་སློབ་ཕྲུག་ སྐྱེས་ལོ་༡༡ ལས་༡༥ འི་བར་ན་འབད་མི་ བུམོ་༩ ལུ་ དོགས་ཅན་གྱིས་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
ད་རུང་ ཉམས་རྒུདཔ་བུམོ་ཅིག་གིས་ ངག་བརྗོད་ཕུལ་མིའི་ནང་ དབུ་འཛིན་འོགམ་གིས་ ཡིག་ཚང་ནང་སྦེ་ མོ་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོད་རུང་ མོ་གིས་ དོགས་ཅན་གྱི་ མགུ་ཏོ་ཁར་ སྐྱ་འཐེན་ཞིནམ་ལས་ བྱོག་ཐལ་སོ་ཡི་ཟེར་ཨིན་པས།
མ་གཞི་ བྱ་ངན་དེ་ དོགས་པ་ཅན་དེ་གིས་ སློབ་ཕྲུག་ག་ར་གི་གདོང་ཁར་ སློབ་ཁང་ནང་ར་ འབད་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ སློབ་ཕྲུག་ཕུད་རྡོག་གཅིག་གིས་ར་ ཁོང་རའི་ཕམ་དང་ སློབ་དཔོན་གཞན་ཚུ་ལུ་ སླབ་མ་ཚུགས་པར་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
དོགས་པ་ཅན་དེ་གིས་ སློབ་གྲྭ་ཆུང་བ་དེ་ནང་ སློབ་སྟོན་འབད་དེ་ ལོ་ངོ་༧ དེ་ཅིག་ ལང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ ཧེ་མ་ ཤར་ཕྱོགས་རྫོང་ཁག་ནང་ སློབ་སྟོན་པ་སྦེ་སྡོད་མི་ དོགས་པ་ཅན་དེ་ལུ་ ཧེ་མ་ལས་ ཉེས་ལས་འཐབ་པའི་ གནས་ཐོ་ཚུ་ཡང་ ཡོདཔ་བཟུམ་ཅིག་ཡོདཔ་ལས་ དབྱེ་དཔྱད་འབད་དོ་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ བུམོ་ཅིག་གིས་ སྨན་ཁང་གི་ ལས་བྱེདཔ་ཅིག་ལུ་ སླབ་པའི་ཤུལ་ལུ་ ཁོ་གིས་སྦེ་ སློབ་གྲྭའི་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *