སློབ་ཕྲུག་བུམོ་ཅིག་ལུ་ ཨ་ལོ་བཀང་བྱིན་མིའི་རྩོད་བཤེར་ རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ ཨ་ལོ་བཟོ་བྱིན་མི་ལུ་བརྟེན་ དབྱེ་རིམ་༢ པའི་ ཉེས་ཆད་སྨིན་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ད་ རྩོད་བཤེར་གྱི་དོན་ལས་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནུག།
སྤྱི་ཟླ་༡༠ པའི་ཚེས་༢ ལུ་བཙུགས་མི་ བཤེར་ཡིག་དང་འཁྲིལཝ་ད་ བཀྲིས་གཡང་རྩེ་ འཇམ་མཁར་ལས་ཨིན་མི་ ཉེས་འཛུགས་ཅན་གྱིས་ སྤུ་ན་ཁ་ལུ་ ཁོ་ར་སྣུམ་འཁོར་བཏང་སྟེ་ ཇོ་བདག་དང་གཅིག་ཁར་སྡོད་པའི་སྐབས་ སྐྱེས་ལོ་༡༧ ལང་མི་ ཇོ་བདག་གི་བུམོ་ སློབ་ཕྲུག་ཨིན་མི་དང་གཅིག་ཁར་ དགའ་མཐུན་བཟོ་སྟེ་ ལུས་འབྲེལ་འབད་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ ཉམས་རྒུདཔ་བུམོ་དང་གཅིག་ཁར་ འགོ་དང་པ་ ལུས་འབྲེལ་འབད་བའི་སྐབས་ སྐྱེས་ལོ་༡༦ ལས་ མ་ལང་པའི་ཁར་ བྱ་ངན་དེའི་སྐོར་ལས་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༧ ལུ་ བུམོ་དེ་གིས་ ཨ་ལོ་སྐྱེས་བའི་སྐབས་ལུ་རྐྱངམ་གཅིག་ བཟའ་ཚང་ཚུ་གིས་ ཤེས་ཡོདཔ་ལས་ བུམོ་དེ་གི་ ཕོ་རྒནམ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ དེ་ཚེ་ར་ འཛིན་བཟུང་འབད་ཡོདཔ་ད་ ཁོ་ར་ བྱ་ངན་དེའི་སྐོར་ལས་ མ་ཤེས་ཚུན་ ཨ་ལོ་༡ ཡོད་མི་ ཁོ་རའི་ གནས་ཚང་དང་གཅིག་ཁར་ སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༡༦ ཟླཝ་༡༢ པའི་ནང་ བུམོ་དེ་དང་གཅིག་ཁར་ དགའ་མཐུན་བཟོ་སྟེ་ ལུས་འབྲེལ་ལན་ཐེངས་དག་པ་ཅིག་ འབད་ཡོདཔ་མ་ཚད་ ཤུལ་ལས་ཡང་ འཕྲལ་འཕྲལ་ར་ འབྲེལ་བ་འཐབ་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལུས་འབྲེལ་འགོ་དང་པ་འབད་བའི་སྐབས་ བུམོ་དེ་ ལོ་༡༦ ལས་བརྒལ་ མ་ལང་རུང་ དེ་བསྒང་ལས་ར་ ཨ་ལོ་ཆགས་ནུག་ཟེར་ཨིནམ་ད་ བུམོ་དེ་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་མི་ཅིག་ཨིནམ་ད་ མོ་ར་ ཨ་ལོ་སྐྱེས་བའི་སྐབས་ སྐྱེས་ལོ་༡༧ ལང་ཡོདཔ་ཨིན་པས།
ཉེས་ལས་འཐབ་མིའི་སྐོར་ལས་ ཉེས་འཛུགས་ཅན་གྱིས་ རྫུན་ཁ་བཟེད་ཡོདཔ་ད་ ཨ་ལོ་ཡང་ ཁོ་རའི་ཨིནམ་སྦེ་ སླབ་ཡོད་པའི་ཁར་ བུམོ་དེ་གིས་ཡང་ ག་ལུ་ཡང་མ་སླབ་པར་ གསང་བཞག་པའི་ཤུལ་ལུ་ ཨ་ལོ་སྐྱེས་བའི་སྐབས་ལུ་རྐྱངམ་གཅིག་ སླབ་ཅི་ཟེར་བཤད་ནུག།
ཨ་ལོ་དེ་ མོ་རའི་ཁྱིམ་ནང་ སྐྱེས་བའི་ཤུལ་ལས་ སྤུ་ན་ཁ་སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ བཞག་པའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།
ལུས་འབྲེལ་འབད་མི་དེ་ དགའ་མཐུན་གྱི་ཐོག་ལས་ཨིན་རུང་ འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༦ པ་དང་འཁྲིལཝ་ད་ སྐྱེས་ལོ་༡༨ འོག་རྒྱུ་འབད་མི་ཚུ་ ཨ་ལོའི་གྲངས་སུ་ཨིནམ་སྦེ་ བརྩི་འཇོག་འབད་དགོཔ་ལས་ དེ་བཞིན་དུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་འཕྲི་སྣོན་༢༠༡༡ གི་ དོན་ཚན་༡༨༣ པ་དང་འཁྲིལ་ བྱིས་པ་སྐྱེས་ལོ་༡༦ ཡན་ཆད་དང་༡༨ འོག་རྒྱུའི་བར་ན་ མོས་མཐུན་གྱི་ཐོག་ལས་ འཁྲིག་སྤྱོད་འབད་བ་ཅིན་ བཙན་གཡེམ་ཨིནམ་སྦེ་བརྩི་ནི་མེད་རུང་ ན་ཚོད་ལོན་མི་ མི་ངོ་ཅིག་གིས་ ཨ་ལོ་ཚུ་དང་མོས་མཐུན་ཐོག་ལས་ འཁྲིག་སྤྱོད་འབད་རུང་ བཙན་གཡེམ་ཨིནམ་ལས་ ཐད་ཀར་དུ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་བའི་གྲངས་སུ་ ཚུད་འོང་ཟེར་ ངོ་ཚབ་ཀྱིས་ བཤེར་ཡིག་ནང་ བཀོད་ནུག།
ཨ་ལོའི་མི་རྩིས་ཀྱི་ཐད་ཁར་ ཁྲིམས་འདུན་ལས་ བཀའ་རྒྱ་གནང་མི་ལྟར་དུ་ བཙུགས་དགོ་ནི་ཨིནམ་ད་ ཨ་ལོའི་གསོ་འཐུས་དང་གསོ་སྨན་ཚུ་ ཁྲིམས་ལུགས་དང་འཁྲིལ་ ཐོབ་ལམ་འདུག་ཟེར་ ངོ་ཚབ་ཀྱིས་ཞུ་ནུག།
དེ་འབདཝ་ལས་ ཕོ་སྐྱེས་དེ་ལུ་ དབྱེ་རིམ་༢ པའི་ ཉེས་ཆད་ཀྱི་བཙོན་ཁྲིམས་ ལོ་ངོ་༩ ལས་ མཐོ་ཤོས་ལོ་ངོ་༡༥ ཚུན་ བཀལ་དགོཔ་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *