སྒོ་གསར་གླིང་སློབ་གྲྭ་ཆུང་བ་ནང་ འགྲུལ་བསྐྱོད་བཀག་དམ་སྐབས་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་སྡོད་སར་ སོང་སྟེ་ སློབ་སྟོན་འབད་བའི་བསྒང་།

སློབ་ཕྲུག་ཉམ་ཆུང་ཚུ་ལུ་ གློག་རིག་མཐུན་རྐྱེན་བྱིན་ནིའི་ གྲོས་འཆར་མཚམས་འཇོག།

༉ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་ཉམ་ཆུང་ཚུ་ ཡོངས་འབྲེལ་ཐོག་ལས་ ཤེས་ཡོན་སྦྱང་ནིའི་དོན་ལུ་ གློག་རིག་མཁོ་ཆས་ཊེབ་ལེཊ་དང་ ཡོངས་འབྲེལ་ཌ་ཊ་གི་འཐུས་ བྱིན་ནི་སྦེ་ གྲོས་འཆར་བཙུགས་མི་དེ་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོཔ་སྦེ་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ལྷན་ཁག་གི་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་ཡོདཔ་ད་ ལྷན་ཁག་གིས་ མ་དངུལ་བགོ་བཤའི་ཐོག་ལས་ རྒྱལ་ཁབ་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ ལེབ་ཊོབ་བྱིན་ནི་གི་ གྲོས་འཆར་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།

གྲོས་འཆར་དེ་ ལྷན་ཁག་གི་ འཆར་གཞི་༡༢ པའི་ནང་ ལས་རིམ་གསརཔ་ཅིག་ཨིན་པས།

ན་ཧིང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་བའི་སྐབས་ གཞུང་གིས་ སློབ་ཕྲུག་ཚུ་ལུ་ ཊེབ་ལེཊ་བྱིན་ནིའི་དོན་ལུ་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ མཁོ་ཆས་ཚུ་ དགོས་མཁོ་ཡོད་རུང་ ང་བཅས་ཀྱིས་ ལཱ་འབད་དོ་བཟུམ་ ག་དེ་སྦེ་ དམིགས་ཡུལ་དེ་ འགྲུབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི། 

བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཤེས་རིག་བློན་པོ་དང་ཡང་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ལུ་ མཁོ་ཆས་ཊེབ་ལེཊ་ཅིག་ བྱིན་མི་གིས་ ལག་ལེན་ཚུལ་ལྡན་འཐབ་ནི་ལུ་ དོགས་པ་སྦོམ་ཡོད་ཟེར་ཨིན་པས། 

གལ་སྲིད་ ཤེས་རིག་ལྷན་ཁག་གི་ གྲོས་འཆར་དེ་ ཆ་འཇོག་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ཕམ་ཉམ་ཆུང་གི་ ཨ་ལོ་༡༣,༠༠༠ ལུ་ མཁོ་ཆས་ཊེབ་ལེཊ་ མཁོ་སྒྲུབ་འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༦༠ དང་ ལོ་༢ ཀྱི་དོན་ལུ་ ཟླ་རིམ་བཞིན་དུ་ ཌ་ཊ་འཐུས་དངུལ་ཀྲམ་༦༩༩ འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨༢ གནས་ནི་ཨིན་པས།

དེ་བཟུམ་སྦེ་ སློབ་དཔོན་༩,༥༠༠ དེ་ཅིག་ལུ་ ཟད་འགྲོ་བགོ་བཤའི་ཐོག་ལས་ ལེབ་ཊོབ་མཁོ་སྒྲུབ་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༢༣༧.༥ འབདཝ་ད་ ཟད་འགྲོ་ག་ར་བསྡོམས་པའི་སྐབས་ དངུལ་ཀྲམ་ས་ཡ་༦༧༩.༥ གནས་ནི་གི་ གྲོས་འཆར་བཙུགས་ཏེ་ཡོདཔ་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ དགོམ་མཁོ་དང་འཁྲིལ་ཏེ་ ག་དེ་སྦེ་འབད་ནི་ཨིན་ན་དང་ ལག་ལེན་ལ་སོགས་པའི་སྐོར་ལས་ གྲོས་བསྟུན་འབད་དགོཔ་ ལེ་ཤ་ཡོད་པའི་ཁར་ མཁོ་ཆས་ཚུ་ བཀྲམ་སྤེལ་འབད་ནི་དེ་འཇམ་རུང་ བརྟག་ཞིབ་འབད་དགོཔ་ ལེ་ཤ་ཡོདཔ་མ་ཚད་ དགོས་མཁོ་སྦོམ་འདུག་ཟེར་སླབ་སྟེ་བྱིན་རུང་ མི་བཏུབ་འོང་ཟེར་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ སློབ་ཕྲུག་ཚུ་གིས་ མཁོ་ཆས་ཚུ་ འཕྲོ་མཐུད་ལག་ལེན་མ་འཐབ་པའི་ཁར་ རྒྱུན་སྐྱོང་དང་ ལག་ལེན་མ་འཐབ་པ་ཅིན་ ཆུད་ཟད་འགྱོ་ནི་ཨིནམ་ད་ རིན་མེད་སྟོང་པ་སྦེ་ བྱིན་ནི་དེ་ གཞུང་གིས་ འགན་ཁུར་མེན་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ ཌི་ཇི་ཊཱལ་འབྲུག་ཡུལ་དང་ བརྡ་དོན་འཕྲུལ་རིག་འོང་དོ་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ལུ་ ཊེབ་ལེཊ་ལག་ལེན་འཐབ་སྟེ་ ཡོངས་འབྲེལ་ཐོག་ལས་ ཤེས་ཡོན་བལྟ་ནིའི་ དམིགས་ཡུལ་དེ་ ལེགས་ཤོམ་ཡོད་རུང་ དེ་བཟུམ་སྦེ་ ལག་ལེན་འཐབ་འོང་ག་ཟེར་ ད་ལྟོ་ གནད་དོན་དེ་ལུ་ ཡིད་ཆེས་མེད་ཟེར་ཨིན་པས།

དེ་འབདཝ་ལས་ གནད་དོན་དེའི་ཐོག་ལུ་ གསུང་གྲོས་གནང་དགོཔ་ལེ་ཤ་ཡོདཔ་ལས་ ད་ལྟོ་ སློབ་ཕྲུག་ཚུ་ལུ་ ཊེབ་ལེབ་བྱིན་ནི་དེ་ མཚམས་འཇོག་འབད་གནང་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ དགོས་མཁོ་ཅན་གྱི་ ཨ་ལོ་ཚུ་ལུ་ མཐུན་རྐྱེན་གྱི་ རྒྱབ་སྐྱོར་བྱིན་པ་ཅིན་ ཤེས་ཡོན་ལུ་ ལྷན་ཐབས་ག་དེ་སྦེ་ འགྱོ་འོང་ག་ བལྟ་དགོཔ་འོང་ཟེར་ཨིན་པས།

ཨིན་རུང་ ཁོ་གིས་འབད་བ་ཅིན་ མཁོ་ཆས་ཊེབ་ལེཊ་དང་ ལེབ་ཊོབ་ཚུ་ མ་བྱིན་པའི་ཧེ་མར་ ཕན་གནོད་དང་ གནས་སྟངས་ དེ་ལས་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ མཐུན་རྐྱེན་ཚུ་ བརྟག་ཞིབ་འབད་དགོཔ་འོང་ཟེར་ཨིན་པས།

དངུལ་རྩིས་དྲུང་ཆེན་གྱིས་ སློབ་གྲྭ་ལྟེ་བ་ཚུ་ནང་ སློབ་ཕྲུག་ཚུ་ལུ་ རིན་མེད་སྟོང་པ་སྦེ་ སྒྲིག་གོ་ཆ་ཚང་རེ་ བཀྲམ་སྤེལ་འབད་ཡོད་རུང་ ལོ་༢ ཀྱི་ཤུལ་ལས་ ལག་ལེན་ལེགས་ཤོམ་ མ་འཐབ་པའི་སྐོར་ དངུལ་རྩིས་ལྷན་ཁག་ལུ་ ཤེས་མྱོང་ཐོབ་སྟེ་ཡོད་ཟེར་ཨིན་པས།

གནད་དོན་དེ་ལུ་ གཞི་བཞག་སྟེ་ དྲུང་ཆེན་ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ སློབ་ཕྲུག་ཚུ་ལུ་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་ རིན་མེད་སྟོང་པ་སྦེ་ བྱིན་ཡོདཔ་ལས་ ལག་ལེན་ག་དེ་སྦེ་ འཐབ་འོང་ག་ཟེར་ཨིན་པས།

སློབ་ཕྲུག་ཚུ་ལུ་ ཊེབ་ལེཊ་བྱིན་མི་དེ་ཡང་ ཤེས་རིག་ལྷན་ཁག་གིས་ ཡོངས་འབྲེལ་ལྷབ་སྦྱང་འཛིན་སྐྱོང་རིམ་ལུགས་ཅིག་ བཟོ་མི་དང་བསྟུན་ ནད་ཡམས་དང་ གློ་བུར་གྱི་ གནད་དོན་རེ་ འཐོན་པ་ཅིན་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་དང་ སློབ་ཁང་གཉིས་ཆ་རའི་ཐོག་ལས་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *