སློབ་ཕྲུག་༦ གིས་ ཨར་རྐུན་འབད་མིའི་རྩོད་བཤེར་ ཁྲིམས་འདུན་ལུ་བཙུགས་ཡོདཔ།

༉ ལྕམ་སྒང་ལུ་ཡོད་མི་ དབྱངས་ཅན་དགའ་ཚལ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༦ ལུ་ ཨར་རྐུན་དང་འབྲེལ་བའི་ ཉེས་འཛུགས་འབད་མི་དེ་ རྩོད་བཤེར་གྱི་དོན་ལས་ ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༧ ལུ་ སྐྱེས་ལོ་༡༤ ལས་༡༧ གྱི་བར་ན་འབད་མི་ སློབ་ཕྲུག་ཚུ་གིས་ ཕྱི་རུ་སློབ་གྲྭའི་ཉལ་ཁང་ནང་ལས་ བྱོག་འོང་སྟེ་ སེམས་རྟོགས་ཁ་ལུ་ ཚོང་ཁང་ཅིག་ནང་ ཨར་རྐུན་འབད་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨར་རྐུན་འབད་མི་ཚུ་ལུ་ བཙོན་ཁྲིམས་དབྱེ་རིམ་༤ པ་ལས་ ཕྱེད་ཀ་བཀལ་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་ཡང་ བྱ་ངན་ནང་འབྲེལ་བ་ཡོད་མི་ཚུ་ ཨར་རྐུན་འབད་བའི་སྐབས་ སློབ་ཕྲུག་ཚུ་ག་ཡང་ སྐྱེས་ལོ་༡༨ ལང་མི་ མེད་མི་ལུ་བརྟེན་ཨིནམ་ད་ ཨ་ལོ་ཚུ་གིས་ ཚོང་ཁང་གི་ སྒོའི་ལྡེ་མིག་བཅགས་དཀྲུམ་བཏང་སྟེ་ ནང་ན་འཛུལ་བའི་ཤུལ་ལས་ ཟ་ཆས་དང་ ཏི་རུ་ཉུང་སུ་ཅིག་ འབག་ཡོདཔ་ཨིན་པས།
བྱ་ངན་ནང་འབྲེལ་བ་ཡོད་མི་ སློབ་ཕྲུག་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ བྱ་ངན་འབད་བའི་ཚེ་ སློབ་གྲྭ་ནང་ལས་ ཁོང་སློབ་ཕྲུག་བསྡོམས་༡༢ བྱོག་འོང་སྟེ་ སེམས་རྟོགས་ཁ་ལུ་ཡོད་མི་ ཟམ་གྱི་ཉེ་འདབས་ལུ་ལྷོདཔ་ད་ ཉེས་འཛུགས་ཅན་སློབ་ཕྲུག་གཉིས་ཀྱིས་ ཧེ་མ་ཡང་ ཨར་རྐུན་འབད་བའི་སྐོར་ལས་ ལོ་རྒྱུས་ཚུ་སླབ་ད་ སློབ་ཕྲུག་༥ གིས་ ལོག་སློབ་གྲྭ་ནང་ སོང་ཡོདཔ་ཨིན་པས།
ཨིན་རུང་ སློབ་ཕྲུག་གཞན་༦ གིས་ ཨར་རྐུན་གྱི་བསྟུན་གྲོས་འབད་ཤུལ་ལུ་ སློབ་ཕྲུག་གཉིས་ཀྱིས་ སྒོའི་ལྡེ་མིག་བཅགས་དཀྲུམ་འབད་དེ་ ནང་ན་འཛུལ་བའི་སྐབས་ གཞན་མི་ཆ་རོགས་ཚུ་ ཕྱི་ཁར་བྱ་བལྟ་མི་སྦེ་ སྡོད་ཡོད་རུང་ མི་གཞན་གྱིས་ཤེས་ཏེ་ བདའ་འོངམ་ད་སློབ་ཕྲུག་ཅིག་ ས་ཁོངས་དེ་ནང་ར་ བདའ་ཟུན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་ཚུ་གིས་ ཚོང་ཁང་ནང་འཛུལ་ཏེ་ མངར་ཆུ་ཤོག་སྒྲོམ་༡ ཀོ་ཀ་ཤོག་སྒམ་༣ མི་མི་དང་ཝའི་ཝའི་ཤོག་སྒམ་ཕྱེད་དང་༢ ཁ་ཟས་སུ་པ་རི་གྲངས་༢༠ ཅིབསི་༧ འབག་སྟེ་ ལོག་སློབ་གྲྭ་ནང་ སོང་ཡོདཔ་སྦེ་ སླབ་མི་ལུ་ ཉེས་འཛུགས་ཅན་ག་ར་གིས་ ཁ་བཟེད་ཡོདཔ་ད་ ཏི་རུ་དེ་ དངུལ་ཀྲམ་༡༠༥ དེ་ཅིག་ལས་ མ་ཐོབ་ཟེར་སླབ་ནུག།
ཨིན་རུང་ ཚོང་པ་ཨམ་སྲུ་དེ་གིས་འབད་བ་ཅིན་ ཨ་ལོ་ཚུ་གིས་ ཐོ་བྱིན་མི་ནང་མ་ཚུད་མི་ ཉ་སྐམ་ཀེ་ཇི་༤༠ དེ་ཅིག་ཡང་ འབག་ཡོདཔ་སྦེ་ ཉེས་འཛུགས་འབད་ཡོདཔ་ལས་ མོ་གིས་ བསྡོམས་དངུལ་ཀྲམ་༢༠,༠༠༠ དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སློབ་ཕྲུག་ག་ར་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ལུ་ ངོ་སྟན་འབད་བའི་ཤུལ་ལས་ གློད་གྲོལ་བཏང་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཉེས་འཛུགས་ཅན་ཚུ་གིས་ ཨར་རྐུན་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ པ་དང་འཁྲིལཝ་ད་ དབྱེ་རིམ་༤ པའི་ཉེས་ཁྲིམས་ དམའ་ཤོས་ལོ་༣ དང་ མཐོ་ཤོས་ལོ་༥ བཀལ་དགོཔ་ཨིན་རུང་ སློབ་ཕྲུག་ཚུ་ག་ར་ སྐྱེས་ལོ་༡༨ མན་ཆད་འབདཝ་ལས་ འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མའི་ དགོངས་དོན་དང་འཁྲིལ་ ཉེས་འཛུགས་ཅན་ག་ར་ལུ་ ཁྲིམས་དང་རྒྱབ་འགེལ་བྱུང་བའི་ ཨ་ལོ་ཨིནམ་ལས་ ཉེས་ལས་ངོ་མ་འབད་མིའི་ ཕྱེད་ཀ་སྨིན་དགོཔ་འདུག་ཟེར་ ཞུ་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཉེས་འཛུགས་ཅན་ཚུ་གིས་ ངོས་ལེན་འབད་མི་དང་ ཚོང་པ་ཨམ་གྱིས་ ཐོ་བཀོད་འབད་མི་ ཅ་ལ་ཚུ་ བདེན་བརྟག་འབད་དགོཔ་སྦེ་ ཞུ་ཡོདཔ་ད་ ཨ་ལོའི་ཕམ་ཚུ་ལུ་ གྱོང་རྒུད་ཀྱི་ འཐུས་བཏབ་དགོ་པའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཚུ་འབད་ཡོདཔ་ད་ བཤེར་ཡིག་དེ་ཡང་ སྤྱ་ཟླ་༦ པའི་ཚེས་༢༣ ལུ་ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *