༉ མོང་སྒར་རྫོང་ཁག་ སྐྱིད་བདེ་མཁར་ ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭ་ནང་ ན་གཞོན་སློབ་ཕྲུག་བུཚ་དང་ བུམོ་༡༠༠ དེ་ཅིག་གིས་ གནས་སྐབས་ཀྱི་དོན་ལུ་ དགེ་སློང་དང་ ཨ་ནེམོ་ནང་ འཛུལ་ཞུགས་འབད་དེ་ ནང་པའི་ཆོས་ ལྷབ་སྦྱང་འབད་ནི་འགོ་བཙུགས་ནུག།
སྤྱི་ཟླ་༦ པའི་ཚེས་༣༠ ལུ་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་མཇུག་བསྡུ་བའི་ཤུལ་ལས་ ཟླ་ངོ་༡ གི་རིང་ གནམ་བྱཱར་གྱི་ ངལ་གསོ་བཏང་མི་དང་བསྟུན་ ཡ་ལྡི་སློབ་གྲྭ་དང་ མོང་སྒར་སློབ་གྲྭ་ ཤེས་རབ་རལ་གྲི་འབྲིང་རིམ་སློབ་གྲྭ་ རྒྱལ་པོའི་ཞིང་སློབ་གྲྭ་ཚུ་ལས་ སློབ་ཕྲུག་བུཚ་༥༠ དང་ བུམོ་༥༠ གིས་ སྤྱི་ཟླ་༧ པའི་ཚེས་༢ ལས་ ཆོས་འབད་ནི་ འགོ་བཙུགས་ཅི།
སྐྱེས་ལོ་༡༡ ལང་མི་ དོན་གྲུབ་མཐར་ཕྱིན་གྱིས་ སླབ་མིའི་ནང་ ལོ་ན་ཆུང་ཀུ་བསྒང་ལས་ དགེ་སློང་ནང་ འཛུལ་ནིའི་སྤྲོ་བ་ཡོད་རུང་ ཕམ་༢ ཀྱིས་ བཏང་མ་བཏུབ་ལས་ ད་རེས་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་དོ་ཟེར་ཨིན་པས།
ད་རེས་ བཤད་གྲྭ་ནང་ བཅའ་མར་གཏོགས་མི་དེ་ དགེ་སློང་ནང་ འཛུལ་ཞུགས་འབད་བ་ཅིན་ འབད་ཚུགས་དང་ མ་ཚུགས་ཀྱི་སྐོར་ ཤེས་རྟོགས་འབྱུང་ནི་དང་ སྒྲིག་གཞི་ཚུ་ ལྷབ་སྦྱང་འབད་བར་ འོང་ཡི་ཟེར་ དོན་གྲུབ་མཐར་ཕྱིན་གྱིས་ བཤདཔ་ཨིན་པས།
སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མ་ཚུགས་པ་ཅིན་ དགེ་སློང་ནང་ འཛུལ་ནིའི་དོན་ལུ་ དམ་པའི་ཆོས་ཟེར་མི་དེ་ ག་དེམ་ཅིག་ལུ་ སླབ་ཨིན་ན་ ལྷབ་པར་འོང་ཡི་ཟེར་ སློབ་ཕྲུག་བཀྲིས་རྒྱལ་མཚན་གྱིས་ སླབ་ཨིན་པས།
ཤེས་རབ་རལ་གྲི་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་སློབ་ཕྲུག་ འཆི་མེད་དབང་མོ་གིས་ སྤྱི་ལོ་༢༠༡༦ ལུ་ ཐིམ་ཕུག་ལུ་སྡོདཔ་ད་ སེམས་རྟོགས་ཁ་རྫོང་ནང་ གནས་སྐབས་ཀྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་སྐབས་ ཕན་ཐོགས་ལེ་ཤ་ཡོདཔ་ལས་ དུས་ཅི་ འཛུལ་ཞུགས་འབད་ཡི་ཟེར་ བཤདཔ་ཨིན་པས།
མོང་སྒར་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༡ པའི་སློབ་ཕྲུག་ རྣམ་རྒྱལ་དབང་མོ་དང་ ཡེ་ཤེས་དངོས་གྲུབ་ཀྱིས་ སླབ་མིའི་ནང་ མ་གཞི་ ནང་པའི་ཆོས་ལྡན་རྒྱལ་ཁབ་ནང་ མིའི་ལུས་རྟེན་ཐོབ་རུང་ ནང་པའི་ཆོས་ཀྱི་སྐོར་ ག་ནི་ཡང་ མ་ཤེས་ནི་དེ་གིས་ ད་རེས་གོ་སྐབས་ཐོབ་པའི་སྐབས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
རྫོང་ཁག་རབ་སྡེའི་ བླམ་གནས་བརྟན་ ངག་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ སློབ་གྲྭའི་བར་མཚམས་ ངལ་གསོའི་སྐབས་ དམ་པའི་ཆོས་ཀྱི་སྐོར་ ཤེས་འདོད་ཡོད་མི་ སློབ་ཕྲུག་ཚུ་ལུ་ གྲྭ་ཚང་ལྷན་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭའི་ སློབ་དཔོན་དང་ མཁན་པོ་ཚུ་གིས་སྦེ་ ཆོས་སྟོན་དོ་ཟེར་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།