སློབ་དཔོན་ལངམ་མེད་པའི་དཀའ་ངལ?

༉ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ སློབ་ཕྲུག་༢,༠༠༠ ལྷགཔ་རེ་ འཐོན་དོ་ཡོདཔ་ལས་ ལཱ་གཡོག་གི་ གོ་སྐབས་ཚད་ཅིག་ལས་བརྒལ་མེད་མི་ལུ་ ཨུ་ཚུགས་སྦོམ་བྱུངམ་ཨིན་མས།

སྤྱི་ལོ་༢༠༢༠ ལུ་ ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་དེ་ བརྒྱ་ཆ་༢.༣༧ དེ་ཅིག་ཨིནམ་སྦེ་ གཞུང་འབྲེལ་གནས་སྡུད་ནང་ བཀོད་ཡོདཔ་ཨིན་རུང་ སློབ་རིམ་༡༢ པ་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ར་ ལཱ་གཡོག་མེད་པར་ སྡོད་མི་ཚུ་ལུ་ བལྟ་བ་ཅིན་ ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་དེ་ ལོག་ལྟབ་གསུམ་ལྟབ་ཀྱིས་ མཐོ་ནི་ཨིན་མས།

ང་བཅས་རའི་ ན་གཞོན་ཤེས་ཡོན་ཅན་ཚུ་ ལཱ་གཡོག་མ་ཐོབ་པར་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ལེ་ཤ་ཅིག་ནང་ དབུ་འཛིན་དང་ སློབ་དཔོན་ལངམ་མེད་པའི་ གདོང་ལེན་བྱུང་དེ་ བདེན་འཛིན་རེ་མ་ཚུགསཔ་ཅིག་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ སྤ་རོ་དང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་༢ རྐྱངམ་གཅིག་ལས་ར་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་༤༠༠ དང་༥༠༠ དེ་རེ་ འཐོན་དོ་ཡོདཔ་ལས་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་འཐོན་མ་དགོཔ་ཅིག་ཨིན།

ད་རེས་ སློབ་གྲྭ་༣༣ ནང་ དབུ་འཛིན་མེདཔ་མ་ཚད་ སློབ་དཔོན་ཡང་ ལེ་ཤ་དགོཔ་ཡོད་པའི་ ལོ་རྒྱུས་གོཝ་ད་ རྣམ་རྟོག་ལང་དགོཔ་ཅིག་ཡང་ཨིན་མས།

སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་མེད་པ་ཅིན་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་ལེགས་ཤོམ་སྦེ་ སྟོན་མ་ཚུགསཔ་ད་ར་ ཤེས་རིག་གི་ སྤུས་ཚད་ལུ་ ཐོ་ཕོགཔ་ཨིན།

གནད་དོན་དེ་གི་སྐོར་ལས་ བདུན་ཕྲག་འདི་ནང་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་བྱུང་ཡོདཔ་བཞིན་དུ་ ཤེས་རིག་བློན་པོ་གིས་འབད་བ་ཅིན་ སློབ་དཔོན་མ་ལང་པའི་ དཀའ་ངལ་དེ་ཡང་ ཆོས་ཚན་རེ་ལུ་ སློབ་དཔོན་རེ་གི་ སྲིད་བྱུས་བཟོ་བའི་ཤུལ་ལས་ བྱུང་ཡི་ཟེར་ཨིན་མས།

འདི་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ ཤེས་རིག་ལྷན་ཁག་གི་ཧོངས་ལས་ གྲ་སྒྲིག་ཚུལ་ལྡན་མ་འབད་བའི་སྐྱོན་དང་ ཡང་ཅིན་ མ་འོངས་ཡུན་རིང་ལུ་ཕན་པའི་ མནོ་བསམ་མ་བཏང་པར་ འཕྲལ་གྱི་བདེ་ཐབས་ལུ་བལྟ་སྟེ་ བདེ་སྒྲིག་བཟོ་མི་ལུ་བརྟེན་ འོང་ནི་མས།

དཔེར་ན་ དུས་ཅི་ལས་ ཨ་ལོ་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ ལོ་༥ ལུ་ མར་ཕབ་འབད་ཡོད་མི་དེ་གིས་ བློ་གསར་སློབ་རིམ་ནང་ ཨ་ལོ་༥,༠༠༠ དེ་ཅིག་ འཛུལ་ཞུགས་འབད་མི་དེ་གིས་ སློབ་དཔོན་ལང་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་མས།

སློབ་ཕྲུག་མངམ་འཛུལ་ཞུགས་འབདཝ་ད་ དེ་དང་བསྟུན་པའི་ སློབ་དཔོན་ཡང་ མངམ་དགོ་ནི་ཨིན་རུང་ ཨ་ལོའི་ལོ་ཚད་ མར་ཕབ་འབདཝ་དང་འབྲེལ་ སློབ་དཔོན་ཐེབས་ག་དེམ་ཅིག་ དགོ་ནི་ཨིན་ན་ སྔ་གོང་ལས་ གྲ་སྒྲིག་འབད་ནི་དེ་གལ་ཆེ།

གཞུང་གིས་ སློབ་རིམ་༡༠ པ་མཐར་འཁྱོལ་གྱི་ སྐུགས་ཚད་མེདཔ་བཟོ་མི་དེ་གིས་ ཤེས་རིག་གི་ སྤུས་ཚད་མར་ཉམས་འགྱོ་བའི་ ཉོགས་བཤད་བཀོདཔ་མ་ཚད་ རྒྱལ་ཡོངས་ལུ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་གྱུར་བའི་ དུས་ཚོད་ནང་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་སྦེ་ བགོ་བཀྲམ་འབད་མ་ཚུགས་པ་ཅིན་ འཐུས་སྦོམ་ཤོར་བའི་ བརྡ་མཚོན་སྟོནམ་མས།

ཤེས་རིག་ལམ་ལུགས་ནང་ འདི་བཟུམ་མའི་ དཀའ་ངལ་དང་ གདོང་ལེན་ལུ་བརྟེན་ མདུན་སྐྱོད་འབད་མ་ཚུགས་པར་ ལུས་མི་ལུ་གཟིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལས་ ཤེས་རིག་ལམ་ལུགས་འདི་ བསྐྱར་གསོ་དང་ ལེགས་བསྒྱུར་གྱི་ ཕྱག་ལཱ་འགོ་བཙུགས་དགོ་པའི་ བཀའ་ཤོག་གནང་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་མས། 

འབྲུག་མངའ་བདག་རྒྱལ་པོའི་ བཀའ་རྒྱ་འདི་ འབགན་རི་བ་ལྕི་ འབོརན་གསེར་བ་ཕངས་པའི་ འགན་ཁུར་ཨིནམ་བཞིན་དུ་ ཤེས་རིག་ལྷན་ཁག་གིས་ འབད་རུང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་སྟེ་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་ཐོག་ རྒྱལ་ཁབ་ཀྱི་ མ་འོངས་འགོ་ཁྲིདཔ་ ན་གཞོན་ཚུ་གིས་ སྤུས་ཚད་ཅན་གྱི་ ཤེས་རིག་ཡོན་ཏན་འཐོབ་ཚུགསཔ་ ངེས་བརྟན་བཟོ་དགོ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *