༉ ད་ཚུན་གྱི་བར་ན་ གཞུང་གིས་ སློབ་གྲྭ་ལྟེ་བ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ གཞི་བཙུགས་འབད་མི་དེ་ ཡུན་བརྟན་ག་དེ་སྦེ་ འོང་ནི་ཨིན་ན་དང་ ཤེས་རིག་གི་ སྤུས་ཚད་མར་ཉམས་འགྱོ་དོ་ཡོད་པའི་ ཉོགས་བཤད་དང་ ཚ་གྱང་སྐོར་ལས་ རྩོད་འགྲན་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན།
ད་རེས་འབད་བའི་བསྒང་ལས་ སློབ་གྲྭའི་སློབ་དཔོན་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ དགོངས་ཞུ་འགྱོ་བའི་སྐོར་ ལོ་རྒྱུས་སླབ་སར་གོཝ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཉིན་བསྟར་བཞིན་དུ་ ཉུང་ཤོས་ར་ སློབ་དཔོན་རེ་གི་རྩིས་ སློབ་སྟོན་གྱི་ ཁྱད་གཡོག་བཤོལ་བཞག་སྟེ་ གོ་སྐབས་ལེགས་ཤོམ་འཚོལ་བར་ འགྱོ་དོ་ཡོདཔ་ཨིན་མས།
འདས་པའི་ཟླཝ་༥ གི་ ནང་འཁོད་ལུ་ར་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་༡༢༠ དགོངས་ཞུ་འབད་མི་ལུ་ ངོས་ལེན་འབད་ཡོདཔ་ད་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་མི་དེ་ རྒྱལ་ཡོངས་ཀྱི་ ཚ་གྱང་ཅིག་སྦེ་ར་ གནས་ཏེ་ཡོདཔ་ཨིན་རུང་ སློབ་ཡུན་གྱི་ དུས་ཚོད་ཕྱེད་ཀ་ལས་ ཐོན་འགྱོཝ་ད་ སློབ་ཕྲུག་ཚུ་གི་ ཤེས་ཡོན་ལུ་ ཐོ་ཕོགཔ་མ་ཚད་ དཀའ་ངལ་དེ་ ལྷག་པར་དུ་ སྐྱོ་དྲགས་བཟོཝ་མས།
ང་བཅས་ཀྱི་ སློབ་དཔོན་ཚུ་ སློབ་སྟོན་འབད་བའི་བར་ན་ལས་ དགོངས་ཞུ་འབད་དེ་ འགྱོ་མི་དང་ རྒྱལ་ཁམས་ཀྱིས་ མ་དངུལ་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏང་སྟེ་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་འབད་ནི་གི་ བརྩོན་ཤུགས་བསྐྱེད་པའི་ ནམ་དུས་ལུ་ སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་བྱུངམ་མས།
དུས་ཅི་ སློབ་དཔོན་༡༢༠ དགོངས་ཞུ་འབད་མི་དང་ཕྱདཔ་ད་ ན་ཧིང་ སློབ་དཔོན་༢༠༠ གིས་ རང་སོའི་ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ཡོདཔ་ད་ སྤྱིར་སྙོམས་ལུ་ ཟླ་རིམ་བཞིན་དུ་ སློབ་དཔོན་༡༦ ལས་༢༤ གི་བར་ན་ ཐོན་འགྱོ་དོ་ཡོད་མི་ལུ་ བལྟ་བ་ཅིན་ ཤེས་རིག་ལམ་ལུགས་ནང་ དཀའ་ངལ་ཡོད་པའི་ གསལ་སྟོན་འབདཝ་བཞིན་དུ་ དཀའ་ངལ་དེ་ ཚབས་ཆེན་ཅིག་ལུ་ མ་འགྱུར་བའི་ཧེ་མར་ ཚ་ངེར་བཏོན་ཏེ་ སེལ་ཐབས་མ་འབད་བ་ཅིན་ ཉམས་མྱོང་ཅན་གྱི་ སློབ་དཔོན་ཚུ་ གངམ་མི་ལུས་ནིའི་ ཉེན་ཁ་ཡོད།
ང་བཅས་རའི་ སློབ་གྲྭ་ཚུ་ནང་ ཉམས་མྱོང་ཅན་གྱི་ སློབ་དཔོན་ཚུ་མེད་པ་ཅིན་ གོང་ལུ་བཀོད་དོ་བཟུམ་ སློབ་ཕྲུག་ཚུ་གི་ ཤེས་རིག་གི་ སྤུས་ཚད་ལུ་ ཐོ་ཕོག་ཉེན་ཡོད་པའི་ཁར་ སློབ་སྟོན་འབད་འདོད་ཡོད་མི་ཚུ་ཡང་ སེམས་ཤུགས་མར་ཉམས་འགྱོ་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན།
འདི་འབདཝ་ལས་ ཤེས་རིག་ལྷན་ཁག་གི་ ཁ་ཐུག་ལས་ སྦྱོང་བརྡར་ཅན་གྱི་ སློབ་དཔོན་ཚུ་ རྒྱབ་སྲུང་ཐོག་ བཞག་ནི་གི་ འབད་རྩོལ་བསྐྱེད་བཞིན་དུ་ཡོད་རུང་ ག་ཅི་སྦེ་ དགོངས་ཞུ་འབད་དེ་ འགྱོཝ་ཨིན་ན་ ང་བཅས་ཀྱིས་ ཤེས་དགོཔ་དེ་ཁག་ཆེ། འདི་དང་གཅིག་ཁར་ དགོངས་ཞུ་འབད་མི་ལུ་བརྟེན་ སློབ་གྲྭ་ནང་ སློབ་སྟོན་འབད་བའི་བསྒང་ཡོད་མི་ཚུ་གིས་ འགན་ཁུར་ཐེབས་ག་དེ་སྦེ་ འབག་ཚུགས་དོ་ཡོདཔ་ཨིན་ན་དང་ དེ་གིས་ སློབ་ཕྲུག་ཚུ་ལུ་ གནོད་པ་ག་དེ་སྦེ་ ཡོདཔ་ཨིན་ན་ བརྟག་ཞིབ་འབད་དགོ།
མ་གཞི་ སློབ་དཔོན་ཚུ་ ག་ཅི་སྦེ་ དགོངས་ཞུ་འབདཝ་ཨིན་ན་ རྒྱུ་རྐྱེན་ཚུ་ མ་ཤེསཔ་མེད་པའི་ཁར་ གཞུང་གི་ཁ་ཐུག་ལས་འབད་རུང་ རང་སོའི་ཁྱད་གཡོག་ནང་ར་ བཞག་ནི་གི་ ཐབས་ཤེས་ཚུ་ ག་དེ་སྦེ་ར་ བཏོན་ཡོད་རུང་ གདོང་ལེན་ཅན་སྦེ་ར་ གནས་ཡོད་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
སློབ་སྟོན་གྱི་ ཁྱད་གཡོག་སྤྲོ་བ་ཅན་དང་ སློབ་དཔོན་ཚུ་ གཞི་འཛིན་ཐོག་ བཞག་ཐབས་ལུ་ ཁེ་ཕན་དང་ སྲིད་དོན་གྱི་ ཁས་བླངས་ཚུ་ལས་ལྷགཔ་སྦེ་ བལྟ་དགོཔ་ཡོདཔ་ད་ རྒྱལ་ཁབ་གོང་འཕེལ་གཏང་ནི་དང་ མ་འོངས་བུ་བརྒྱུད་ཚུ་ ཚགས་ཁར་ཚུདཔ་བཟོ་མི་ སློབ་དཔོན་ཚུ་ལུ་ བརྩི་མཐོང་བསྐྱེད་ཐོག་ལས་ ཁོང་གི་ དཀའ་སྡུག་ཚུ་ལུ་ ངོས་ལེན་དང་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ཚུ་ བསྐྱར་ཞིབ་འབད་ནི་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།
Check Also
ལུག་གསོ་སྐྱོང་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ།
༉ ང་བཅས་རའི་ གྲོང་གསེབ་ཀྱི་ མི་སྡེ་ཚུ་ནང་ ལུག་གསོ་སྐྱོང་འཐབ་སྲོལ་ཡོད་མི་དེ་ མར་ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས། ཧེ་མ་འབད་བ་ཅིན་ ལུག་གསོ་སྐྱོང་འཐབ་ནི་དེ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ཅིག་ཨིན་རུང་ ད་རེས་ནངས་པར་ དང་འདོད་བསྐྱེད་མི་ ཉུང་སུ་ཅིག་ལས་བརྒལ་མིན་འདུག། ས་ཁ་མཐོ་སར་སྡོད་མི་ཚུ་གིས་ …