༉ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ནིའི་དོན་ལུ་ ཆོག་ཐམ་དང་ ལག་ཁྱེར་འཐོབ་དགོ་པའི་སྐོར་ལས་ སྒེར་གྱི་གསར་ཤོག་ཅིག་ནང་ གསལ་བཀོད་འབད་མི་དེ་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ གནད་དོན་དེའི་སྐོར་ལས་ འཆར་གཞི་ག་ནི་ཡང་ མེད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ སློབ་དཔོན་ཚུ་ལུ་ ལག་ཁྱེར་དང་ ཆོག་ཐམ་བྱིན་ནི་དེ་ ལྷན་ཁག་གི་ གཙོ་རིམ་མེན་པའི་ཁར་ གནད་དོན་དེ་ མི་སྟོབས་གོང་འཕེལ་འཆར་གཞི་དང་ ཤེས་རིག་ལེགས་བསྒྱུར་ལམ་སྟོན་ནང་ གྲོས་འདེབས་བཙུགས་ཡོད་རུང་ ཐབས་ཤེས་དེ་ དགོ་པའི་སྐོར་ལས་དང་ དེ་གི་ཕན་གནོད་སྐོར་ལས་ ཞིབ་འཚོལ་ག་ནི་ཡང་ མ་འབདཝ་ལས་ ལག་ལེན་འཐབ་ནིའི་ འཆར་གཞི་ཡང་ མེད་ཟེར་ཨིན་པས།
ལྷན་ཁག་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ནིའི་དུས་ཚོད་དང་ སློབ་སྟོན་འབད་བའི་སྐབས་ ཁྱད་རིག་གི་ཐོག་ལས་ སློབ་སྟོན་འབད་ཚུགསཔ་བཟོ་ནི་དེ་ འཆར་གཞི་༡༢ པའི་ གཙོ་རིམ་ངོ་མ་ཅིག་ ཨིན་ཟེར་བཤད་ཅི།
ཤེས་རིག་དེ་ སློབ་དཔོན་གྱི་ཁྱད་རིག་ལུ་ རག་ལས་ནི་ཨིནམ་ལས་ ཤེས་རིག་ནང་བསྒྱུར་བཟོ་ནིའི་ འཆར་གཞི་ཡོད་མི་དེ་ཡང་ སློབ་དཔོན་ཚུ་ ལེགས་བསྒྱུར་གྱི་སྦུག་ལུ་ བཞག་སྟེ་ཡོད་ཟེར་ཨིན་པའི་ཁར་ དེ་ཡང་ སློབ་སྟོན་ཚུ་གི་ ཤེས་ཡོན་ཡར་དྲག་གཏང་ནི་དང་ལཱ་འབད་བའི་ས་ཁོངས་ཚུ་ ལེགས་ཤོམ་བཟོ་ནི་དེ་ འཆར་གཞི་༡༢ པའི་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ ལོ་༢ པ་དེ་ཅིག་ལས་ སློབ་དཔོན་ནང་ འཛུལ་ཞུགས་འབད་མི་ག་ར་ མཐོ་རིམ་ཤེས་ཡོན་ཡོད་མི་ཚུ་བཙུགས་ཏེ་ ལོ་༢ ཀྱི་རིང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་བཅུག་ཏེ་ སློབ་དཔོན་ནང་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ ཤེས་རིག་བློན་པོ་གིས་ བཤད་ཅི།
མཐོ་རིམ་གོང་མའི་སྦྱོང་བརྡར་དེ་ཡང་ སྤ་རོ་དང་ བསམ་རྩེ་ དེ་ལས་ ཡོན་ཕུག་ལ་ལུ་ཡོད་མི་ སྤེལ་ཁང་༣ ནང་ བཙུགས་ནིའི་ འཆར་གཞི་ཡོད་པའི་ཁར་ སྤེལ་ཁང་༣ ནང་ ཧེ་མ་ལས་ གཡོག་ནང་ཡོད་མི་ཚུ་ལུ་ཡང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ འཆར་གཞི་༡༢ པའི་ནང་ སློབ་དཔོན་༣༥༠ དེ་རེ་ ལོ་བསྟར་བཞིན་དུ་ སྤེལ་ཁང་དེ་ཚུའི་ནང་ གཏང་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ལས་ སློབ་རིམ་༡༢ པ་ མཇུག་བསྡུ་མི་ཚུ་ལུ་ སློབ་དཔོན་ནང་ འཛུལ་ཞུགས་འབད་མི་དེ་ཡང་ བཀག་ཆ་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ འཆར་གཞི་༡༢ པའི་ནང་ལས་ སློབ་དཔོན་ནང་ འཛུལ་ཞུགས་འབད་མི་ག་ར་ལུ་ མཐོ་རིམ་གོང་མའི་ ཤེས་ཡོན་དགོཔ་ཨིན་པས།
སློབ་དཔོན་ནང་ འཛུལ་ཞུགས་འབད་མིའི་ ཁྱད་རིག་ཚུ་ཡང་ རྫོང་ཁ་དང་ ཨིང་སྐད་ཀྱི་ ཁྱད་རིག་དང་འཁྲིལ་ གདམ་འཐུ་འབད་ནི་ཨིན་པའི་ཁར་ སློབ་དཔོན་གྱི་ལཱ་འབད་ནིའི་ དུས་ཡུན་དེ་ཡང་ མར་ཕབ་འབད་དེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ སློབ་དཔོན་ཚུ་གིས་ ལོ་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༤༠ གི་རིང་ ཁྱད་རིག་གོང་འཕེལ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ ཐོབ་ཡོད་པའི་གུ་ ད་ལས་ཕར་ དུས་ཡུན་ཆུ་ཚོད་༨༠ གི་རིང་ སྦྱོང་བརྡར་འཐོབ་ཚུགས་ཟེར་ཨིན་པས།
དུས་ཚོད་དེ་ཡང་ ལྷན་ཁག་གིས་ དུས་ཡུན་ཆུ་ཚོད་༤༠ དང་ གཞན་མི་ཆུ་ཚོད་༤༠ འབྲེལ་ཡོད་རྫོང་ཁག་དང་ ཁྲོམ་སྡེ་ཚུ་གིས་ འགོ་འདྲེན་འཐབ་ནི་ཨིནམ་ལས་ སྦྱོང་བརྡར་ལས་རིམ་དེའི་དོན་ལུ་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༤༠ བཞག་སྟེ་ཡོད་ཟེར་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་བཤད་པའི་ཁར་ རྫོང་ཁག་དང་ཁྲོམ་སྡེ་ དེ་ལས་ སློབ་གྲྭ་ཁག་ཚུ་ནང་ སྦྱོང་བརྡར་འགོ་འདྲེན་འཐབ་ནིའི་དོན་ལུ་ཡང་ རྫོང་ཁག་ཚུ་ལུ་ མ་དངུལ་བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ འཆར་གཞི་དེ་ནང་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ སློབ་གྲྭ་ཚུ་ནང་ བཙུགས་ནིའི་དོན་ལུ་ སློབ་གྲྭ་ཁག་ལུ་ རང་དབང་བྱིན་ཏེ་ སློབ་དཔོན་ལངམ་སྦེ་ བཟོ་ནིའི་འཆར་གཞི་ཚུ་ཡོད་པའི་ཁར་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་ སྡོད་སའི་ཁྱིམ་ཚུ་ཡང་ རྐྱབ་ནིའི་འཆར་གཞི་ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།