༉ ད་རིས་ཀྱི་ཉིནམ་འདི་ འབྲུག་གི་དོན་ལུ་ ཁྱད་པར་ཅན་ཅིག་ཨིན་མི་དེ་ཡང་ རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་ གཞི་བཙུགས་གནང་མི་ བརྒྱུད་འཛིན་གྱི་ རྒྱལ་རབས་༣ པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་ཨིནམ་ལས་ འབྲུག་མི་ཡོངས་ཀྱི་དོན་ལུ་ རྗེས་སུ་དྲན་ནི་དང་ ཤེས་བྱའི་ཡོན་ཏན་སྟོན་མི་ སློབ་དཔོན་ཚུ་ལུ་ གུས་བཏུད་དང་ བཀྲིན་དགའ་ཚོར་ཞུ་ནི་གི་ དུས་སྟོན་བཟང་པོ་ཅིག་ཡང་ཨིན།
ང་བཅས་ཀྱིས་ མི་དབང་ཞིང་གཤེགས་དམ་པ་མཆོག་གི་ འཁྲུངས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབདཝ་བཞིན་དུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ སློབ་དཔོན་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལས་ དམིགས་བསལ་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཨིན་མས།
དུས་ཅི་ སློབ་དཔོན་གྱི་ཉིནམ་ དམིགས་བསལ་ཅན་སྦེ་ བརྩི་སྲུང་འབད་དོ་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༧༠ དོན་གྲངས་ལས་ འབྲུག་གི་ཁྲོམ་སྡེ་དང་ ས་གནས་མཐའ་ཟུར་ཚུ་ནང་ སློབ་སྟོན་འབད་མི་ རྒྱ་གར་གྱི་ སློབ་དཔོན་༥༠ དེ་ཅིག་ ཤེས་རིག་ལྷན་ཁག་གིས་ རྒྱལ་ས་ལྟེ་བ་ལུ་ མགྲོན་བརྡ་འབད་མི་དེ་ ཁོང་རའི་སློབ་ཕྲུག་ཚུ་གིས་ གུས་བཏུད་ཞུ་ནི་དང་ སློབ་དཔོན་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ གསལ་སྟོན་འབད་ཐབས་ལུ་ཨིན་མས།
འདི་བཟུམ་མའི་ དམིགས་བསལ་ལས་རིམ་དེ་ཡང་ འཕྲལ་ཁམས་ཅིག་ལས་ སློབ་དཔོན་རེ་རེ་གཉིས་ཀྱི་ཞོར་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་དཔོན་ཚུ་གི་ མིང་གཏམ་མེད་བཏང་པའི་ ནམ་དུས་ལུ་ འགོ་འདྲེད་འཐབ་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
མ་གཞི་ འབྲུག་རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་ གཞུང་འབྲེལ་ཐོག་ བརྩི་སྲུང་འབད་ནི་དེ་ སྤྱི་ལོ་༢༠༠༣ ལུ་མ་གཏོགས་ འགོ་མ་བཙུགས་རུང་ ད་རེས་ནངས་པར་ སློབ་ཕྲུག་ཚུ་གིས་ ཡོངས་གྲགས་སྦེ་ བརྩི་སྲུང་འབད་མི་དེ་ཡང་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་བདག་འཛིན་འཐབ་མི་ ན་གཞོན་ཚུ་གི་དོན་ལུ་ སྲོག་ཤིང་བཟུམ་ཅིག་ཨིན་མི་ སློབ་དཔོན་ཚུ་གིས་ ཨ་ལོ་ཚུ་ལུ་ ཤེས་རིག་ཡོན་ཏན་རྐྱངམ་གཅིག་ བྱིནམ་མེན་པར་ རང་གི་ཨ་ལོ་བ་ལྷགཔ་སྦེ་ གཅེས་སྐྱོང་དང་ བདག་འཛིན་འཐབ་མི་ལུ་ བཀྲིན་དགའ་ཚོར་བསྐྱེད་ཐབས་ལུ་ཨིན་མས།
དེ་གིས་ནང་དོན་ཉིད་ལས་ ཚིག་གཅིག་སྟོན་པའི་སློབ་དཔོན་ལ། །སློབ་དཔོན་བདག་ཏུ་མ་འཛིན་ན། །ཁྱིའི་སྐྱེ་བ་ལྔ་བརྒྱ་དང་། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ། ཟེར་བའི་དཔྱེ་གཏམ་བཟུམ་སྦེ་ སློབ་དཔོན་གྱིས་ ང་བཅས་ལུ་ ཡོན་ཏན་ཚིག་གཅིག་ལས་ སྟོན་སྟོནམ་མེད་རུང་ སློབ་དཔོན་ལུ་ སློབ་དཔོན་ཨིནམ་སྦེ་ བརྩི་མཐོང་མ་བསྐྱེད་པ་ཅིན་ ཁྱིའི་སྐྱེ་བ་༥༠༠ སྐྱེ་ནི་དང་ སྨེ་ཤ་ཅན་དུ་སྐྱེ་བའི་ ཉེས་པ་ཡོདཔ་ལས་ ང་བཅས་ཀྱིས་ བཀྲིན་བསམ་དགོཔ་དེ་ ག་ནི་བ་གལ་ཆེ།
སྤྱི་ལོ་༡༩༩༤ ལུ་ འཛམ་གླིང་སྤྱི་ཚོགས་ལས་སྡེ་ ཡུ་ནེསི་ཀོ་གིས་ སྤྱི་ཟླ་༡༠ པའི་ཚེས་༥ དེ་ འཛམ་གླིང་སློབ་དཔོན་གྱི་ཉིནམ་སྦེ་ གསལ་བསྒྲགས་འབད་ཞིནམ་ལས་ཚུར་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ སློབ་དཔོན་ཚུ་གི་ ཁྱད་གཡོག་དང་ འགན་ཁུར་ཚུ་ལུ་ གུས་ཞབས་དང་ བརྩི་མཐོང་བསྐྱེད་ཐབས་ལུ་ ཉིནམ་བརྩི་སྲུང་འབད་ནི་ འགོ་བཙུགས་ནུག།
འབྲུག་གིས་ཡང་ སློབ་དཔོན་ཚུ་གི་ ཁྱད་རིག་རྒྱབ་སྲུང་དང་ ཚེ་གཡོག་ལས་ དགོངས་ཞུ་འགྱོ་ནི་ལས་ བཀག་ཐབས་ལུ་ ལོ་བསྟར་བཞིན་དུ་ གཟེངས་ཐོན་རྟགས་མ་བྱིན་ནིའི་ སྲོལ་འགོ་བཙུགས་ཡོད་མི་དེ་གིས་ སློབ་དཔོན་ཚུ་ རྒྱལ་ཁབ་ནང་ གལ་གནད་ཅན་ཨིནམ་ གསལ་སྟོན་འབདཝ་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་བསྡོམས་༥༨༤ ཡོད་མི་ཚུ་ནང་ སློབ་དཔོན་བསྡོམས་༩,༤༡༥ ཡོད་མི་ཚུ་ལུ་ སློབ་ཕྲུག་༡༦༨,༠༩༢ ཀྱིས་ སློབ་དཔོན་གྱི་ ཉིནམ་བརྩི་སྲུང་དང་འབྲེལ་ སློབ་དཔོན་ཚུ་ལུ་ གུས་བཏུད་དང་ བཀྲིན་དགའ་ཚོར་ ཧིང་དྭངས་མའི་ དཀྱིལ་ལས་ར་ ཞུ་ནི་དེ་གལ་ཆེ།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …