སློབ་དཔོན་ཚུ་གིས་ ག་ཅི་སྦེ་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ཨིན་ན?

༉ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ སྒེར་གྱི་ཕན་བདེ་སློབ་གྲྭ་ཅིག་གི་ དབུ་འཛིན་འོག་མ་ཅིག་གིས་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་མི་དེ་ སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞག་ལས་འདས་པའི་ བྱ་ངན་ཅིག་ཨིནམ་སྦེ་ བརྙས་བཅོས་འབད་དེ་ དམའ་ཕབ་རྐྱབ་སྟེ་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ཧཱ་རྫོང་ཁག་གི་ མཐའ་ཟུར་སློབ་གྲྭའི་ དབུ་འཛིན་ཅིག་དང་ སློབ་དཔོན་ཅིག་ ཕུན་ཚོགས་གླིང་ལུ་ འཛིན་བཟུང་འབད་ནུག།

སློབ་དཔོན་དེ་གཉིས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་མི་དེ་ཡང་ ཕུན་ཚོགས་གླིང་ཁྲོམ་ཁར་ ཨ་ལོ་གསར་སྐྱེས་ཅིག་ ཟ་ཁང་གི་ སྒོ་ཅུང་ནང་ལས་ བཀོག་བཏང་མིའི་ནང་ གྲལ་གཏོགས་ཡོད་པའི་ དོགས་པ་ལུ་བརྟེན་ཨིན་མས།

ཨ་ལོ་གསར་སྐྱེས་ཀྱི་ སྐྱེས་མ་དེ་ མཐའ་ཟུར་སློབ་གྲྭ་དེ་ནང་ ཕྱགསམ་འཕྱག་མི་སྦེ་ ལཱ་འབད་དོ་ཡོདཔ་ད་ བྱ་ངན་དེ་ནང་ དབུ་འཛིན་དང་ སློབ་དཔོན་དེ་ གྲལ་གཏོགས་ཡོད་མེད་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་རུང་ གསོ་བའི་བརྟག་དཔྱད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་དེ་ མ་ཤི་བར་སྦེ་ སྐྱེས་ཡོད་པའི་ མངོན་རྟགས་ཐོན་ཡོདཔ་ཨིན་མས།

འདི་བཟུམ་མའི་ སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་གི་ བྱ་སྤྱོད་ཚུ་ལུ་བལྟ་སྟེ་ མི་མང་ལུ་ ཁོང་ཁྲོ་ལང་དགོཔ་ བྱུང་མི་དེ་ཡང་ ལས་གཡོགཔ་དེ་ཚུ་གིས་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ བཀོལ་སྤྱོད་དང་ གནོད་འཚེ་འབད་ནི་མེན་པར་ ཕན་གྲོགས་དང་ ཉེན་སྐྱོབ་འབད་དགོ་པའི་ འགན་འཁྲི་ཡོད་མི་ལུ་བརྟེན་ཨིན་མས།

མི་མང་ལུ་ རྣམ་རྟོག་དང་ ཁོང་ཁྲོ་ལང་མི་དེ་ ཞི་ཐབས་ལུ་ ཤེས་རིག་ལྷན་ཁག་གི་ ཁ་ཐུག་ལས་ སྦྱིས་མེད་ནང་གི་ བྱུང་རྐྱེན་ལུ་ སེམས་ཕམ་ཡོད་ལུགས་དང་ བཟོད་གསོལ་གྱི་ ཞུ་བ་འབད་མི་དེ་གིས་ དུམ་གྲ་ཅིག་ བློ་བདེ་བའི་ གཞི་གནད་བཟོ་ནི་ལུ་ ལྷན་ཐབས་བྱུང་པའི་ ནམ་དུས་ལུ་ ཨ་ལོ་གསར་སྐྱེས་ལུ་ ནག་ཅན་གྱི་ བྱ་ངན་འཐབ་ཡོད་མིའི་ནང་ སློབ་དཔོན་༢ གྲལ་གཏོགས་ཡོད་པའི་ ལོ་རྒྱུས་གོཝ་ད་ ང་བཅས་རའི་ མི་སྡེ་ལུ་ ཧེང་སྐལ་ར་ ཁོང་ཁྲོ་དང་ ཚ་གྱང་ལང་བཅུག་པའི་ གཞི་གནད་ཅིག་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ ཕམ་ཚུ་གིས་ བློ་གཏད་ཧིང་གཏད་ཐོག་ལས་ རང་སོའི་ཨ་ལོ་ཚུ་ སློབ་དཔོན་གྱི་ བདག་འཛིན་དང་ ལྟ་རྟོག་ཐོག་ལུ་ བཅོལ་བཞག་པའི་མཐའ་མར་ བློ་གཏད་པའི་མི་གིས་ཧིང་བརྐུ་ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ སློབ་དཔོན་ལ་ལོ་གིས་ ཨམ་སྲུ་དང་ ལོ་ན་མ་སྨིན་པའི་ སློབ་ཕྲུག་བུམོ་ཚུ་ལུ་ གནོད་འཚེ་འབད་མི་དེ་ བཟོད་བསྲན་འབད་མ་ཚུགས་པའི་ བྱ་སྤྱོད་འཐབ་མི་ལུ་བརྟེན་ཨིན།

བྱ་ངན་ཚུ་ཡང་ དགེ་ལེགས་ཕུག་ལས་ སྦྱིས་མེད་ནང་ དེ་ལས་ ཧཱ་ཚུན་གྱི་ སློབ་གྲྭ་ཆུང་བ་ཚུ་ནང་ གཅིག་ཤུལ་གཉིས་ཤུལ་སྦེ་ བྱུང་མི་ཚུ་ནང་ སློབ་དཔོན་ཚུ་ གྲལ་གཏོགས་ཡོད་མི་ལུ་ལྟཝ་ད་ སྦྱིས་མེད་ནང་མ་གཏོགས་ དགེ་ལེགས་ཕུག་དང་ ཧྭ་ལུ་ཡོད་མི་ སློབ་གྲྭ་ཚུ་ མཐའ་ཟུར་ལུ་འབད་ནི་དེ་གིས་ གོ་སྐབས་ལེན་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས།

ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ བསླབ་སྟོན་པ་ ཕུད་རྡོག་གཅིག་ཡང་ བགོ་བཀྲམ་མ་འབད་མི་དེ་ ཤེས་རིག་ལམ་ལུགས་ནང་ ཨ་ལོ་ཚུ་ལུ་ བརྩི་མཐོང་སྦོམ་མ་བསྐྱེད་མི་དང་ སྲིད་བྱུས་རྩོམ་མི་དང་ འབྲེལ་ཡོད་དབང་འཛིན་གྱིས་ སློབ་གྲྭ་ཆུང་བ་ཚུ་ སྣང་མེད་སྦེ་བཞག་པའི་ བརྡ་མཚོན་སྟོནམ་མས།

ཨ་ལོ་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་ བརྩི་མཐོང་ དེ་ལས་ གཞི་རྟེན་ཤེས་ཡོན་ཚུ་ སློབ་གྲྭ་ཆུང་བ་ལས་ འགོ་བཙུགས་དོ་ཡོདཔ་ལས་ གལ་སྲིད་ ཁོང་གི་དོན་ལུ་ བསླབ་སྟོན་པ་ཡོད་པ་ཅིན་ སློབ་དཔོན་ཚུ་གིས་ ཁོང་ལུ་ མིའི་སྤྱོད་པ་ལས་འདས་པའི་ བྱ་ངན་འཐབ་མི་དང་ གནོད་འཚེ་འབད་མི་དེ་ ཁྲིམས་འགལ་དང་ ཨ་ལོའི་དབང་ཆ་ལས་འགལ་བའི་ བྱ་སྤྱོད་ཨིནམ་ ཤེས་རྟོགས་འབྱུང་ཚུགས།

སློབ་དཔོན་ཚུ་གིས་ ཀུན་སྤྱོད་རྣམ་གཞག་ལུ་ བརྩི་མཐོང་མ་བསྐྱེད་པར་ རང་སོའི་དབང་ཚད་ལོག་སྤྱོད་ཐོག་ སློབ་ཕྲུག་བུམོ་དང་ སློབ་གྲྭའི་རྒྱབ་སྐྱོར་ལས་བྱེདཔ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ བཀོལ་སྤྱོད་འབད་ནི་དེ་ མི་སྡེའི་བསམ་པ་སེམས་བསྐྱེད་དང་ བཟང་སྤྱོད་མར་ཉམས་འགྱོ་བའི་ རྟགས་མཚན་ཅིག་ཡང་ཨིན་མས།

འདི་འབདཝ་ལས་ སློབ་དཔོན་ཚུ་གིས་ འདི་བཟུམ་མའི་ བྱ་སྤྱོད་འཐབ་མི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ ལྷན་ཁག་གིས་ བརྟག་ཞིབ་འབད་དགོཔ་མ་ཚད་ མ་འོངས་པ་ལུ་ བྱ་ངན་ཚུ་ སྔོན་འགོག་འབད་དེ་ སློབ་ཕྲུག་ཚུ་ལུ་ ཉེན་སྲུང་ཡོདཔ་ བཟོ་ནི་གི་ ཐབས་ལམ་ཚུ་ བཏོན་དགོཔ་འདུག།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *