སློབ་དཔོན་གྱིས་ སློབ་ཕྲུག་གི་ མདུན་ལམ་འགོ་ཁྲིད་འབད་དགོཔ།

༉ ལོ་ངོ་༣ གྱི་ཧེ་མ་ ཆུ་ཁ་རྫོང་ཁག་ ཨ་རི་ཁ་འབྲིང་རིམ་སློབ་གྲྭ་བར་མའི་དབུ་འཛིན་ ཚེ་རིང་རྡོ་རྗེ་གིས་ སྐུགས་ཚད་བརྒྱ་ཆ་༨༠ ལས་མངམ་ཐོབ་མི་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་ལྟ་སྐོར་ལུ་ ཁྱིད་ནི་གི་ ཁས་བླངས་འབད་མི་དེ་ཡང་ སློབ་ཕྲུག་ན་ཆུང་ཚུ་ལུ་ སེམས་བསྐུལ་འབད་ནིའི་ ཐབས་ཤེས་ལེགས་ཤོམ་ཅིག་བཏོན་ནུག།
ད་རེས་ནངས་པར་ ཨ་རི་ཁ་སློབ་གྲྭ་བཟུམ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་གཞན་ཚུ་གིས་ འདི་བཟུམ་མའི་ ཐབས་ཤེས་བཏོན་དེ་མེདཔ་ལས་ སློབ་གྲྭ་གཞན་ཚུ་གི་དོན་ལུ་ མིག་དཔེ་ཅིག་ཨིན་མས།
དབུ་འཛིན་གྱི་ ཁས་བླངས་ངོ་མ་ར་ སློབ་ཕྲུག་ཚུ་གིས་ བར་མཚམས་ཆོས་རྒྱུགས་ནང་ སྐུགས་ཚད་ལེགས་ཤོམ་འཐོབ་ཚུགསཔ་འབད་ཐབས་ལུ་ ལྟ་སྐོར་ཁྱིད་ནི་དེ་ཨིནམ་བཞིན་དུ་ ལྟོ་སྐོར་དེ་ཡང་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་སྦོམ་ཤོས་གཉིས་ནང་ ཁྱིད་ནི་སྦེ་ གདམ་ཁ་རྐྱབ་མི་དེ་ཡང་ མ་འཛོལ་བས།
མཐའ་ཟུར་གྱི་ སློབ་གྲྭ་ནང་ལས་ འོང་ནི་དེ་གིས་ ཁྲོམ་ཁར་ལྷོདཔ་ད་ ཨ་ལོ་ཚུ་ ཉལ་ས་ལས་འགོ་བཟུང་ བདེ་ཏོག་ཏོ་དང་ བཟའ་འཐུང་ཡང་ ཟ་ཁང་ཚུ་གིས་ བྱིན་མི་ལུ་བརྟེན་ སེམས་དགའ་ཡོདཔ་མ་ཚད་ ཁོང་ལ་ལོ་ཅིག་ ཉལ་ཁང་ཚུ་ནང་ལྷོདཔ་དང་ གདན་མལ་ཆ་ཚུ་ ཧེ་མ་མ་མཐོང་མི་ཚུ་མཐོངམ་ད་ སྤྲོ་ཉམས་སྦོམ་བྱུང་སྟེ་ མལ་ཆ་ནང་ འཛུལ་ནི་ལུ་ ག་ཐོབ་རྐྱབ་པའི་ དུས་ཚོད་ཡང་ཤར་ནུག།
ཤེས་ཡོན་ལྟ་སྐོར་གྱི་ གོ་སྐབས་ཐོབ་མི་ སློབ་ཕྲུག་མང་ཤོས་ཀྱིས་ སྤ་རོ་གནམ་ཐང་ལས་ འཕུར་འགྲུལ་འབད་མི་ གནམ་གྲུ་བལྟ་ནི་དང་ ཁྲོམ་ཁར་ཡོད་མི་རྩེད་རིགས་མ་འདྲཝ་ དེ་ལས་ ཁྲོམ་གྱི་གནས་སྟངས་ཚུ་ བལྟ་ནི་ཐོབ་ཡོདཔ་ལས་ འདི་བཟུམ་མའི་ གོ་སྐབས་ཐོབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ མ་འོངས་འགོ་ཁྲིདཔ་འབད་ནི་ཨིན་མི་ ཨ་ལོ་ཚུ་ལུ་ དཔེ་ཆ་རྩ་འགེངས་ཏེ་ ལྷབ་ནི་གི་ སེམས་ཤུགས་བྱུང་ནུག།
ད་རེས་ཀྱི་དུས་ཚོད་ནང་ ན་ཆུང་ཚུ་ལུ་ སློབ་ཁང་ནང་ སློབ་སྟོན་རྐྱངམ་གཅིག་ འབད་ནི་མེན་པར་ སེམས་བསྐུལ་ཐོག་ལས་ ཐབས་བྱུས་བཏོན་ནི་དེ་ སློབ་དཔོན་ཚུ་གི་ འགན་ཁུར་ཅིག་ཡང་ཨིན།
དེ་བཟུམ་མའི་ ཐབས་རིག་གིས་ མཐའ་ཟུར་གྱི་ ས་གནས་ནང་སྡོད་མི་ སློབ་ཕྲུག་ཚུ་ལུ་ ཁྲོམ་ཟེར་མི་དེ་ རྣ་བར་གོ་ཡོད་རུང་ ལྷོད་མ་མྱོང་པའི་ ས་ཆ་ཅིག་ནང་ ལྷོད་ཚུགས་མི་དེ་ཡང་ སློབ་ཁང་གི་ཕྱི་ཁར་ བལྟ་རྒྱ་མཐོང་རྒྱ་གི་ གོ་སྐབས་ཅིག་ཨིནམ་ད་ སློབ་དཔོན་གྱིས་ སློབ་ཕྲུག་ཚུ་གི་ རེ་འདོད་ལུ་ མ་ལྷོད་ཚུན་ མདུན་ལམ་བཟང་སྟེ་གཅིག་ཁར་ ཁྱིད་དོ་ཡོད་པའི་ མིག་དཔེ་ཨིནམ་ལས་ སློབ་ཕྲུག་ཚུ་གིས་འབད་རུང་ སློབ་དཔོན་གྱི་ མིག་དཔེ་བཟང་པོ་ལུ་བལྟ་སྟེ་ མི་ཚེ་མཐར་འཁྱོལ་ཚུགསཔ་ བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་།
དབུ་འཛིན་གྱིས་ འགོ་དང་པ་ ཁས་བླངས་འབད་བའི་སྐབས་ སློབ་ཕྲུག་ཚུ་གིས་ བདེན་འཛིན་རེ་མ་བཏུབ་རུང་ ཁོ་གིས་ ཁས་བླངས་འབད་མི་དང་བསྟུན་ གོ་སྐབས་བྱིན་པའི་ཤུལ་ལས་ ལོ་བསྟར་བཞིན་དུ་ སྐུགས་ཚད་བརྒྱ་ཆ་༨༠ ལས་མངམ་ཐོབ་མི་ སློབ་ཕྲུག་གི་ གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སློབ་གྲྭ་ཕུད་རྡོག་གཅིག་ནང་ལས་ སློབ་ཕྲུག་༢༩ གིས་ སྐུགས་ཚད་བརྒྱ་ཆ་༨༠ ལས་མངམ་ཐོབ་མི་དེ་ གྱངས་ཁ་མཐོ་ཅིག་ཨིན་མས།
སློབ་དཔོན་ཚུ་གིས་ དེ་བཟུམ་འབད་མི་དེ་ ཤེས་རིག་ལམ་་ལུགས་ནང་ ཉེ་བར་མཁོ་བའི་ ཐབས་བྱུས་ཅིག་ཨིན་རུང་ སློབ་དཔོན་སྟོང་ཕྲག་གི་སྦུག་ལས་ ལ་ལོ་ གཟེངས་ཐོན་གྱི་ རྟགས་མ་ཚུ་ ཐོབ་མི་ཡང་ཡོད་རུང་ ལ་ལོ་ ལཱ་ག་དེམ་ཅིག་ རྩ་འགེངས་ཏེ་འབད་རུང་ བརྩི་མཐོང་ཡང་མེད་པར་ ལུས་མི་ཡང་ལེ་ཤ་ཡོདཔ་ལས་ དེ་བཟུམ་མའི་ ངོས་ལེན་ཚུ་ལུ་ རེ་བ་མ་བསྐྱེད་པར་ ཨ་ལོའི་མཐའ་དོན་ལུ་ དཀའཝ་སྤྱད་དེ་ འབད་མི་ཚུ་ དཔལ་ལྡན་འབྲུག་པའི་ སློབ་དཔོན་ངོ་མ་ཨིན་ཟེར་ ཞུ་ནི་ཨིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *