༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་༤༠༠ ལྷགཔ་ཅིག་ མ་ལང་པར་ཡོད་མིའི་ལས་ མང་ཤོས་ར་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ཡོད་མི་དེ་ རྣམ་རྟོག་ལང་སི་སི་དང་ རྒྱལ་ཁབ་ལུ་ ངོ་ཚ་བའི་ གཞི་གནད་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ སློབ་གྲྭ་ཚུ་ནང་ ཆོས་ཚན་ཚུ་གི་གྲས་ལས་ དགོས་མཁོ་ཅན་དང་ རྒྱལ་ཡོངས་ཀྱི་ ངོ་རྟགས་ཅིག་ཨིན་མི་ རྫོང་ཁ་སློབ་སྟོན་འབད་མི་ མེད་པ་ཅིན་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ བདག་འཛིན་འཐབ་མི་ ན་གཞོན་ཚུ་གི་སྐབས་ རྫོང་ཁའི་འབྲི་ལྷག་གི་ ཤེས་ཡོན་དེ་ ཡལ་ཉམས་འགྱོ་ནི་གི་ ཉེན་ཁ་འདུག།
མ་གཞི་ ཤེས་རིག་བློན་པོ་གིས་ བཤད་དོ་བཟུམ་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ཡོད་མི་དེ་ གནད་དོན་གསརཔ་མེན་རུང་ ད་རེས་ནངས་པར་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ ལོ་བསྟར་བཞིན་དུ་ སློབ་ཕྲུག་བརྒྱ་དང་སྟོང་སྦེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ལཱ་གཡོག་མ་ཐོབ་པར་སྡོད་པའི་ ནམ་དུས་ལུ་ རྫོང་ཁ་སློབ་དཔོན་ ལངམ་མེད་ཟེརཝ་ད་ ཧ་ལས་སི་སི་ཅིག་ཨིན་མས།
དེ་གི་ནང་དོན་ཉིད་ལས་ སྤ་རོ་དང་ བསམ་རྩེ་མཐོ་རིམ་ཤེས་རིག་སྤེལ་ཁང་༢ ལས་ ལོ་བསྟར་བཞིན་དུ་ སློབ་དཔོན་སློབ་སྦྱོང་མཇུག་བསྡུ་མི་ བརྒྱ་ཕྲག་ལེ་ཤ་ཐོན་རུང་ སློབ་དཔོན་གྱི་ ས་སྟོང་བསུབས་མ་ཚུགས་མི་དེ་ གནད་དོན་ག་ཅི་ཨིན་ན་ ཧ་གོ་དགོཔ་འདུག།
དཀའ་ངལ་དེ་ རྫོང་ཁ་སློབ་དཔོན་རྐྱངམ་གཅིག་མེན་པར་ སྤྱི་བཏང་སློབ་དཔོན་དང་ བརྡ་དོན་འཕྲུལ་རིག་ ཚན་རིག་ནང་ཡང་ཡོདཔ་ད་ ད་རེས་ནངས་པར་ རྫོང་ཁའི་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་བཟུམ་སྦེ་ར་ བརྡ་དོན་འཕྲུལ་རིག་གི་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་རུང་ ལཱ་གཡོག་མ་ཐོབ་པར་སྡོད་མི་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ ཡོད་མི་ཚུ་ལུ་ལྟཝ་ད་ ང་བཅས་ཀྱི་ ལམ་ལུགས་ནང་ སྟབས་མ་བདེཝ་ཡོདཔ་བཟུམ་མའི་ གསལ་སྟོན་འབདཝ་མས།
ཤེས་རིག་གི་ ཁ་ཐུག་ལས་འབད་བ་ཅིན་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ཐོན་མིའི་ རྒྱུ་རྐྱེན་གཙོ་བོ་༡ དུས་ཅི་ སློབ་དཔོན་༧༢ དེ་ཅིག་གིས་ ཡུན་རིང་གི་ སྦྱོང་བརྡར་འབད་བའི་བསྒང་ཡོད་པའི་ཁར་ སློབ་དཔོན་༡༢༢ དེ་ཅིག་ ཤེས་ཡོན་ངལ་གསོ་ལེན་ཏེ་ སྡོད་ཡོད་མི་ལུ་བརྟེན་ཨིནམ་ད་ དེ་གི་ནང་ལས་ཡང་ དུས་ཅི་དུས་ཡུན་ཟླཝ་༦ གི་ ནང་འཁོད་ལུ་ར་ སློབ་དཔོན་༡༠༡ རྒྱལ་ཁབ་ཕྱི་ནང་ལུ་ ཤེས་ཡོན་ངལ་གསོ་ནང་ སོང་ཡོདཔ་བཞིན་དུ་ སློབ་དཔོན་༢༠༠ ལྷགཔ་ཅིག་ དགོངས་ཞུ་འབད་མི་དེ་གིས་ཡང་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ལུ་ ལྷན་ཐབས་འབད་ནུག།
སློབ་དཔོན་ལ་ལོ་ཅིག་ གོ་སྐབས་ལེགས་ཤོམ་ཐོབ་མི་ལུ་བརྟེན་ དགོངསམ་ཞུ་དོ་ཡོདཔ་མ་ཚད་ རྫོང་ཁའི་སློབ་དཔོན་ལ་ལུ་ཅིག་ ལམ་སྲོལ་འགོ་དཔོན་སྦེ་ གནས་སོར་འགྱོ་མི་དེ་གིས་ཡང་ སློབ་དཔོན་གྱི་ དཀའ་ངལ་བྱུངམ་ཨིན་མས།
ད་རུང་ ད་རེས་ནངས་པར་ སློབ་དཔོན་༡༧༥ སྐྱེས་མའི་ངལ་གསོ་ནང་ཡོདཔ་ད་ ཁོང་གི་ཚབ་ལུ་ སློབ་དཔོན་༦༧ ཁག་འབགཔ་ཐོག་ལུ་ བཙུགས་ཏེ་ཡོད་རུང་ མཐའ་ཟུར་སློབ་གྲྭ་ཚུ་ནང་ ཚབ་བཙུགས་ནི་ལུ་ གདོང་ལེན་སྦོམ་ཡོདཔ་ད་ དེ་བཟུམ་མའི་ དཀའ་ངལ་འབྱུང་ནི་ཨིནམ་ ཧེ་མ་ལས་ར་ ཤེས་རིག་ལྷན་ཁག་གིས་ ཤེས་དགོཔ་ཨིན་རུང་ གདོང་ལེན་གྱི་དོན་ལུ་ གྲ་སྒྲིག་མ་འབད་མི་དེ་ འཐུས་ཤོར་སྦོམ་ཅིག་ཨིན་མས།
ང་བཅས་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་མེདཔ་ད་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ཆ་ཚད་ལུ་ཡང་ ཐོ་ཕོག་དོ་ཡོད་མི་དེ་ཡང་ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༥༠༠ ལྷགཔ་ཅིག་ནང་ སློབ་ཕྲུག་༡༦༠,༠༠༠ ལྷགཔ་ཅིག་ཡོད་མི་ཚུ་ལུ་ སློབ་དཔོན་བསྡོམས་༧,༧༧༨ ལས་བརྒལ་མིན་འདུག།
སྤྱིར་བཏང་སློབ་དཔོན་དང་ དམིགས་བསལ་དུ་ རྫོང་ཁའི་སློབ་དཔོན་ལངམ་མེད་པའི་ དཀའ་ངལ་སེལ་དགོ་པ་ཅིན་ ཤེས་རིག་གི་ སྲིད་བྱུས་ལེགས་བསྒྱུར་འབད་དགོཔ་མ་ཚད་ རྫོང་ཁའི་ཆོས་ཚན་ཐོག་ལུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཚུ་ རྫོང་ཁའི་སློབ་དཔོན་སྦེ་ ཕྱག་ཞུ་ནི་གི་ སེམས་ཤུགས་བསྐྱེད་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་འབད་དེ་ སྔོན་འགྲོའི་ཆོས་རྒྱུགས་ནང་ བདེ་སྒྲིག་ཐབས་ལམ་ཅིག་ བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …