སློབ་དཔོན་གྱི་གདོང་ལེན།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ འུར་ཟིང་ཅན་ལུ་གྱུར་དོ་ཡོདཔ་ལས་ ནམ་ཕུགས་ལུ་ ག་ཅི་བཟུམ་ཅིག་ནང་ལྷོད་ནི་ཨིན་ན་ ཚ་གྱང་ཅན་ཅིག་ལུ་ གྱུརཝ་ཨིན་མས།

འདས་པའི་ལོ་དག་པ་ཅིག་ལས་ ཞི་གཡོག་པའི་གནས་སྟངས་དེ་ཡང་ མ་འདྲཝ་ཅིག་ལུ་ གྱུར་སོ་ཡི།

གཞུང་གི་ཁ་ཐུག་ལས་ ཞི་གཡོག་པའི་ཁག་ཆེ་ཧིང་དང་ ལཱ་གི་འགན་ཁུར་དང་བསྟུན་ རང་སོའི་ཟུར་འཐུས་ཐོབ་ལམ་ཚུ་ཡང་ མ་བཏུབ་བཏུབ་སྦེ་ བཟོ་གནང་མི་གིས་ དཀའ་ངལ་ཚུ་ དུམ་གྲ་ཅིག་ སེལ་ཚུགས་རུང་ མིའི་རེ་འདོད་མཐའ་ཅིག་ལུ་ ཡོངས་སུ་རྫོགསཔ་སྦེ་ འགྲུབ་ཚུགས་ནི་དེ་ ལཱ་ཁག་ཅིག་ཨིན་མས།

ག་དེ་སྦེ་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ནང་ འགན་ཁུར་ལྕི་དྲག་འབག་མི་གཙོ་བོ་ཅིག་ གསོ་བ་དང་ ཤེས་རིག་ནང་ ཕྱག་ལཱ་གནང་མི་ཚུ་ཨིནམ་སྦེ་ གཞུང་གི་བརྩི་འཇོག་གནང་སྟེ་ རང་སོའི་དངུལ་ཕོགས་གུ་ལུ་ འཐུས་གཞན་ཚུ་ བརྒྱ་ཆའི་ཐོག་ གོ་རིམ་སྒྲིག་སྟེ་ གནང་ཡོདཔ་ཨིན།

དེ་གིས་ ལཱ་འབད་ནི་ལུ་ སྒྱིག་ཐག་ཧུར་ཏེ་ ཟླཝ་དག་པ་ཅིག་གི་རིང་ འགན་ཁུར་ཚུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ཡོད་རུང་ ཟུར་འཐུས་དེ་གིས་ཡང་ རེ་བ་བསྐོང་ཚུགས་པའི་ འོས་འབབ་དང་ ལྡནམ་ཅིག་ལུ་གྱུར་མ་ཚུགས་པས།

ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་རེས་ནངས་པར་ སློབ་དཔོན་ཚུ་གིས་ དགོངས་ཞུ་འབད་དོ་ཡོདཔ་ལས་ དེ་གིས་ ག་ནི་བ་གལ་ཆེ་བའི་ མ་འོངས་པའི་མི་ཁུངས་ ན་གཞོན་སློབ་སྦྱོང་འབད་མི་ཚུ་ལུ་ ཐོ་ཕོག་ནི་བཟུམ་འདུག།

སྤྱིར་བཏང་ རྒྱལ་ཁབ་ནང་ སློབ་དཔོན་ཚུ་ ལངམ་སྦེ་མེད་པའི་སྐོར་ལས་ ལོ་རྒྱུས་ཚུ་ ཐོན་དང་ཐོན་བཞིན་པ་འབད་རུང་ ཁྲོམ་སྡེ་དང་ གྲོང་གསེབ་ཀྱི་སློབ་གྲྭ་ཚུ་ དུམ་གྲ་ཅིག་ དབྱེ་བ་ཕྱེ་དགོཔ་འདུག།

སློབ་དཔོན་ཚུ་ ག་དེ་སྦེ་ དགོངས་ཞུ་འབད་རུང་ ཁྲོམ་སྡེའི་སློབ་གྲྭ་ཚུ་ནང་ དེ་ཅིག་ར་ ཐོ་མི་ཕོག་ནི་བཟུམ་ཡོད་མི་དེ་ ཁྲོམ་སྡེའི་སློབ་གྲྭ་ཚུ་ནང་ རྫོང་ཁག་གི་ སློབ་གྲྭ་དང་ཕྱདཔ་ད་ ལོག་བལྟབ་ཀྱིས་ སྟབས་བདེ་དྲག་ཡོད་པའི་ ལོ་རྒྱུས་ཨིན་མས།

དེ་ཡང་ མཐའ་ཟུར་གྱི་སློབ་གྲྭ་ནང་ སློབ་སྟོན་འབད་མི་སློབ་དཔོན་ཚུ་ ཁྲོམ་སྡེའི་ནང་ གནས་སོར་འོང་ནི་ལུ་ ག་ཐོབ་རྐྱབ་མ་ཚད་ ཁྲོམ་སྡེའི་ནང་ར་ ཧེ་མ་ལས་ རང་སོའི་ཟ་ཚང་དང་ ལཱ་གཡོག་ གཟུགས་ཁམས་འཕྲོད་བསྟེན་ སྨན་བཅོས་འབད་དགོ་པའི་ གནད་དོན་ཁག་ལེ་ཤ་ཅི་ལུ་བརྟེན་ སློབ་དཔོན་ལེ་ཤ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མིན་ནུག།

མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ འབད་བ་ཅིན་ གལ་སྲིད་ སློབ་དཔོན་ཅིག་ སློབ་སྦྱོང་འབད་བ་དང་ ཡང་ཅིན་ གནས་སོར་རེ་ ཡར་སོཔ་འདྲཝ་འབད་བ་ཅིན་ དེ་གི་ཚབ་མ་ཐོབ་མ་ཚུགས་པར་ ལོ་ལས་བཅད་དེ་འགོར་མི་གིས་ སློབ་དབུ་འཛིན་ཚུ་ ལཱ་ཁག་བཏངམ་ཨིན་མས།

མཐའ་ཟུར་གྱི་ སློབ་གྲྭ་ནང་ དང་པ་སློབ་དཔོན་ཚུ་གིས་ གནས་སོར་འགྱོ་ནི་ལུ་ ངོས་ལེན་འབད་མ་བཏུབ་པའི་ཁར་ གལ་སྲིད་ འགྱོ་མི་རེ་འཐོན་རུང་ ལོ་དག་པ་ཅིག་གི་རྒྱབ་ལས་ ཁྲོམ་སྡེའི་ནང་ གནས་སོར་འོང་ནི་ལུ་ ཨུ་ཚུགས་བསྐྱེད་དེ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ ཁྲོམ་སྡེའི་ནང་ གནས་སོར་འོངམ་མས།

ད་རེས་ནངས་པར་ སློབ་དཔོན་དགོངས་ཞུ་འབད་མི་གིས་ཡང་ དམིགས་བསལ་དུ་ མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ གདོང་ལེན་འབྱུང་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་དེ་ རྒྱལ་ཁབ་ནང་ ཤེས་རིག་གི་སྤུས་ཚད་དེ་ ག་བ་ཡང་དྲགཔ་སྦེ་ དགོ་ནིའི་ཐུགས་འཆར་ཨིན་རུང་ ལག་ལེན་བསྟར་སྤྱོད་ཐོག་ལུ་ལྷོདཔ་ད་ གདོང་ལེན་བྱུངམ་ཨིན་མས།

གཞུང་གི་ཁ་ཐུག་ལས་ དཀའ་ངལ་སེལ་ཐབས་ཀྱི་ ཐབས་བྱུས་ཚུ་ སྒྲིག་སྟེ་འབད་རུང་ གདོང་ལེན་དེ་ འབྱུང་བཞིན་དུ་ར་ཡོདཔ་ལས་ གལ་སྲིད་ ལོ་དག་པ་ཅིག་གི་རིང་ དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ལུས་པ་ཅིན་ དེ་གིས་ གནོད་ཉེན་འབྱུང་སྲིད་ནི་ཨིནམ་ལས་ ཐབས་ལམ་བཏོན་དགོཔ་གལ་ཆེ་ནི་མས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *