སློབ་གྲྭའི་དབུ་འཛིན་འོགམ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ བཙོན་ཁྲིམས་ལོ་ངོ་༡༠ བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ ཨ་ལོ་དང་བཟའ་ཚང་ཁྲིམས་ཁྲི་གིས་ ཁ་ཙ་ སྐྱེས་ལོ་༣༩ ལང་མི་ སློབ་གྲྭའི་དབུ་འཛིན་འོགམ་ཅིག་ལུ་ ཨ་ལོ་སྐྱེས་ལོ་༡༢ ཡན་ཆད་འབད་མི་ཚུ་ལུ་ བཙན་གཡེམ་གྱི་ གནོད་འགེལ་འཐབ་མི་དང་ བུམོ་ན་ཆུང་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ངོ་༡༠ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བཀྲིས་སྒང་བར་མཚམས་རྒེད་འོག་ལས་ རྩོད་ཟླ་ཨོ་རྒྱན་དབང་ཕྱུག་གིས་ ཐིམ་ཕུག་སྦྱིས་མི་ནང་ལུ་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་བུམོ་༩ ལུ་ བསུན་བཙེར་དང་ བཙན་གཡེམ་གྱི་ དཔའ་བཅམ་ནུག་ཟེར་བཀོད་ནུག།
བྱ་ངན་གྱི་སྐོར་ལས་ འགོ་ཐོག་ཤེས་རྟོགས་དེ་ཡང་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་ཅིག་ན་སྟེ་ སྒྱིད་དར་གོངམ་སྨན་ཁང་ནང་ སོང་པའི་སྐབས་ ཌོག་ཊར་ཅིག་ལུ་ མོ་རའི་རྩིས་ཀྱི་ སློབ་དཔོན་ཨིན་མི་ ཉེས་ཅན་དེ་གིས་ བྱ་ངན་འཐབ་ཡོད་པའི་སྐོར་ སླབ་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ཉེས་ཁྲིམས་དེ་ཡང་ རྩོད་ཟླ་ལུ་ ཉེས་འཛུགས་ཁག་༢ ཀྱི་ཐོག་ལས་ ལོ་༥ རེ་ བཀལ་ཡོདཔ་ཨིན་པས།
ཉེས་ཅན་གྱིས་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལྟར་ དབྱེ་རིམ་བཞི་པའི་ཉེས་ཁྲིམས་ལོ་ངོ་༥ བཀལ་ཡོདཔ་ཨིན་པས།
དེ་ལས་ ཉེས་ཅན་ཁོ་ར་ སློབ་ཕྲུག་ཚུ་ལུ་ དཔེ་སྟོན་འབད་དགོ་པའི་ སློབ་དཔོན་ཅིག་ཨིན་རུང་ ཁོ་གིས་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་དེ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཡོད་མི་དེ་ སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་ གནོད་འགེལ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་ བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༨༤ ལྟར་ དབྱེ་རིམ་གསུམ་པའི་ ཉེས་ཁྲིམས་ལོ་ངོ་༥ བཀལ་ནུག།
བཙོན་ཁྲིམས་དེ་ཡང་ ཁོ་ར་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༦ ལུ་ འཛིན་བཟུང་འབད་དེ་ དོ་དམ་ནང བཞག་པའི་ ཚེས་གྲངས་ལས་ འགོ་བཙུགས་ནི་ཨིན་པས།
ཉེས་ཅན་གྱིས་ ཁྲིམས་འདུན་ལུ་ ཉེས་འཛུགས་ཚུ་ལུ་ ངོས་ལེན་མེདཔ་སྦེ་ ཞུ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ དབང་བཙོང་འབད་ནིའི་ དཔའ་བཅམ་མི་དེ་ལུ་ར་ གཞི་བཞག་དགོཔ་མ་གཏོགས་ ཉམས་རྒུདཔ་ལུ་ སེམས་ཁམས་ཀྱི་ ནད་གཞི་ཡོད་མེད་ཀྱི་སྐོར་ལས་ ལོ་རྒྱུས་བཤད་དགོཔ་མེད་ཟེར་ཞུ་ནུག།
ཞིབ་དཔྱད་འབད་བའི་སྐབས་ སློབ་གྲྭ་དེ་གི་ སློབ་ཕྲུག་བུཚ་ཚུ་གིས་ཡང་ ཉེས་ཅན་གྱིས་ ཁོ་རའི་རྩིས་ཀྱི་ཆོས་ཚན་སྟོན་པའི་སྐབས་ བུམོ་ཚུ་ལུ་ དཀྲོག་ནི་ཡོད་པའི་སྐོར་ལས་ ངག་བརྗོད་ཚུ་ བྱིན་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་ལུ་ ཧེ་མ་ཡང་ སྤྱི་ལོ་༢༠༠༤ ལུ་ བཀྲིས་སྒང་ལུ་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ བཙོན་ཁྲིམས་ཕོག་པའི་ རྗེས་ཐོ་ཡོདཔ་ལས་ ཁོ་གིས་ ཧེ་མ་ལས་ དེ་བཟུམ་འབད་བའི་ ལང་ཤོར་འདུག་ཟེར་ ཉེས་འཛུགས་འབད་ནུག།
ཨིན་རུང་ འཁྲུན་ཆོད་ནང་ ཧེ་མའི་ཉེས་ཁྲིམས་ཚུ་གི་སྐོར་ལས་ ག་ནི་ཡང་ བཀོད་དེ་མིན་འདུག།
སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་དེ་གིས་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ སྒྱིད་དར་གོངམ་སྨན་ཁང་ནང་ སྨན་བཅོས་འབད་བར་འགྱོ་བའི་སྐབས་ དྲུང་འཚོ་ལུ་ མོ་ལུ་ སེམས་ཁམས་ཀྱི་ ནད་གཞི་མེན་པར་ ཉེས་ཅན་སློབ་དཔོན་གྱིས་ སློབ་གྲྭའི་དུས་ཚོད་མཇུག་བསྡུ་བའི་ཤུལ་ལས་ ཐེངས་༢ ཁོ་རའི་ཡིག་ཚང་ནང་འབོ་སྟེ་ ཐེངས་༣ པའི་སྐབས་ ཡིག་ཚང་ནང་བཙུགས་ཏེ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཅི་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ སློབ་གྲྭའི་སྲུང་རྒྱབ་ དེ་བི་ལཱལ་གྱིས་ཡང་ ཁྲིམས་སྲུང་འགག་སྡེ་ལུ་ སློབ་གྲྭའི་དུས་ཚོད་མཇུག་བསྡུ་བའི་ཤུལ་ལས་ སློབ་ཕྲུག་དེ་ ཉེས་ཅན་གྱིས་ འབོ་ས་མཐོང་ཡོདཔ་སྦེ་ ངག་བརྗོད་བྱིན་ནུག།
ཉེས་ཅན་གྱིས་ ཁོང་བུམོ་༩ ལུ་ རྒུད་འཐུས་སྤྲོད་དགོ་པའི་ཐད་ རྩོད་དཔོན་ངོ་ཚབ་ཀྱིས་ ཞུ་བ་འབད་དེ་ཡོད་རུང་ ཉམས་རྒུད་པ་དང་ ཕམ་ཚུ་གིས་ ཁྲིམས་འདུན་ལུ་ རྒུད་འཐུས་དགོ་པའི་སྐོར་ལས་ ཞུ་བ་འབད་དེ་མེདཔ་ལས་ ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ནུག།
གནད་དོན་དེ་ལུ་ ཁྲིམས་འདུན་གྱིས་ སློབ་གྲྭའི་དབུ་འཛིན་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཉམས་རྒུདཔ་བུམོ་ཚུ་ བསླབ་སྟོན་བྱིན་ཡོདཔ་མ་ཚད་ ལོ་ཕྱེད་ཀྱི་ཆོས་རྒྱུགས་ནང་ཡང་ ལེགས་ཤོམ་སྦེ་ རྐྱབ་ཡོདཔ་ལས་ ལུས་སེམས་ལུ་ གནོད་པ་མེད་ཟེར་ སླབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *