སློབ་གྲྭའི་ཉལ་ཁང་ཚུ་ གོ་དོག་དྲགས་ཡོདཔ་ལས་ དཔེ་ཆ་ལྷབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ།

༉ ཀྲོང་གསར་ཤེས་རིག་ལས་ཚན་གྱིས་ ན་ཧིང་ལས་འགོ་བཙུགས་ རྫོང་ཁག་ནང་ཡོད་པའི་ སློབ་གྲྭ་ཆེ་བ་༣ ནང་ སློབ་རིམ་༡༡ པ་དང་༡༢ པའི་ནང་ ཚན་རིག་དང་ ཚོང་རིག་ དེ་ལས་ ནང་རིག་ཆོས་ཚན་ཚུ་ སོ་སོར་སྦེ་བཟོ་ཡོདཔ་ཨིན་པས།

དེ་ཡང་ ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ནང་ ཚན་རིག་དང་ ཚང་ཁ་སློབ་གྲྭ་ལྟེ་བའི་ནང་ ཚོང་རིག་ཤེས་ཡོན་ དེ་ལས་ བསམ་ཆོས་གླིང་སློབ་གྲྭ་ཆེ་བའི་ནང་ ནང་རིག་ཆོས་ཚན་སྦེ་ བཟོ་ཡོདཔ་ཨིན་པས།

རྫོང་ཁག་ཤེས་རིག་གཙོ་འཛིན་ སྤེན་པ་ཊི་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་གྲྭ་རེ་ནང་ སློབ་ཚན་རེ་སྦེ་ བཟོ་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་གི་ ཁྱད་རིག་གོང་འཕེལ་གཏང་ནི་དང་ སློབ་དཔོན་ཚུ་གི་ ཐབས་རིག་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

དེ་བཟུམ་བཟོ་མི་དེ་གིས་ སློབ་དཔོན་ཚུ་ཡང་ རང་གི་ཁྱད་རིག་ལྡན་པའི་ ཆོས་ཚན་དེ་ལུ་དམིགས་ཏེ་ སློབ་སྟོན་འབད་ནི་དང་ སློབ་ཕྲུག་ཚུ་ཡང་ དེ་དང་བསྟུན་ སློབ་སྦྱོང་འབད་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།

དེ་མ་ཚད་ གཞུང་ལུ་ ཟད་འགྲོ་མར་ཕབ་འབད་ནིའི་ ཁྱད་ཕན་ཡོདཔ་ད་ དེ་ཡང་ སློབ་གྲྭ་ཆེ་བ་༣ ཆ་རའི་ནང་ སློབ་ཚན་༣ ཆ་ར་ཡོད་པ་ཅིན་ དཔེར་ན་ ཚན་རིག་དོན་ལུ་ བརྟག་དཔྱད་ཁང་བཟོ་སྐྲུན་འབད་དགོཔ་མ་ཚད་ དེ་ནང་ ཅ་ཆས་ཚུ་ཡང་ བཙུགས་དགོཔ་ལས སློབ་གྲྭ་༣ ནང་ བགོ་བཀྲམ་འབད་དགོཔ་འཐོན་ནི་ཨིནམ་ད་ སློབ་ཚན་སོ་སོར་བཟོ་མི་དེ་གིས་ སློབ་གྲྭ་ཅིག་ནང་མ་གཏོགས་ གཞན་ཁར་གཏང་མི་དགོ་ནི་ཨིན་པས།

དེ་བཟུམ་སྦེ་ སློབ་དཔོན་བགོ་བཀྲམ་འབད་ནི་དེ་ཡང་ སློབ་གྲྭ་༣ ནང་ གཏང་མ་དགོཔ་ལས་ སློབ་དཔོན་མ་ལང་པའི་ དཀའ་ངལ་བསལ་ནི་དང་ རང་གི་ ཁྱད་རིག་དང་བསྟུན་པའི་ སློབ་གྲྭ་ནང་འགྱོ་ནིའི་ གོ་སྐབས་ཡོདཔ་ཨིན་པས།

དེ་སྦེ་ བཟོ་མི་དེ་གིས་ དུས་ཅི་ སློབ་རིམ་༡༡ པའི་ནང་ ནང་རིག་ཆོས་ཚན་ གདམ་ཁ་རྐྱབ་མི་ ལེ་ཤ་ཐོན་ཡོདཔ་ལས་ བསམ་ཆོས་གླིང་སློབ་གྲྭ་ཆེ་བའི་ནང་ ཨ་ལོ་ཚུ་ ཉལ་ཁང་ནང་མ་ཤོང་པར་ གོ་དོག་དྲགས་སྦེ་ སྡོད་དགོཔ་ཐོན་ཏེ་འདུག།

ཤེས་རྟོགས་བྱུང་མིའི་ནང་ ཉལ་ཁང་རེ་ནང་ ཨ་ལོ་༢༠ རེའི་ ཤོང་ཚད་ཨིན་རུང་ ད་རེས་ ཨ་ལོ་༦ དེ་རེ་ ཐེབས་བཙུགས་དགོཔ་ཐོན་ནུག།

བུཚ་དང་ཕྱདཔ་ད་ བུམོ་ཚུ་གི་ཉལ་ཁང་ནང་ ཨ་ལོ་མ་ཤོང་པའི་ དཀའ་ངལ་བྱུང་ཡོདཔ་ད་ སློབ་གྲྭའི་བདག་སྐྱོང་གི་ སྤྲོ་གསེང་ཁང་ཡོད་མི་དེ་ཡང་ ཉལ་ཁྱིམ་སྦེ་བཟོ་ཡོདཔ་ཨིན་རུང་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ དཔེ་ཆ་ལྷབ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།

སློབ་རིམ་༡༢ པའི་སློབ་ཕྲུག་ ཕུར་པ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཉལ་ཁང་ནང་ ཨ་ལོ་༢༦ དེ་ཅིག་གི་ ཉལ་ཁྲི་བཙུགས་ཡོདཔ་ལས་ དོག་ཁག་ཁ་ཡོདཔ་ད་ དེ་གིས་ དཔེ་ཆ་ལྷབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཉལ་ཁྲི་ཐོག་༢ སྦེ་ཡོད་མིའི་འོག་ལུ་ སྡོད་མི་ཚུ་ གནག་དུང་སྦེ་ཡོད་པའི་ཁར་ དྲོ་པ་ སློབ་གྲྭ་ནང་འགྱོ་ནི་ལུ་ གྲ་སྒྲིག་འབད་བའི་སྐབས་ལུ་ཡང་ དཀའ་ངལ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཁང་མིག་ཅིག་ནང་ མི་མངམ་ཡོདཔ་ལས་ དྲིམ་མནམ་དོ་ཡོདཔ་ལས་ དཔེ་ཆ་ལུ་ ཐོ་ཕོག་དོ་ཡོད་པའི་ཁར་ འཕྲལ་འཕྲལ་འཚབ་འཚབ་སྦེ་ འགྱོ་དགོ་པའི་སྐབས་ ཉལ་ཁྲི་གུ་ མགུ་ཏོ་བརྡུངམ་མས་ཟེར་ཨིན་པས།

སློབ་གྲྭ་གཞན་ཁ་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་འོང་མི་ཚུ་གིས་ ཧེ་མའི་ སློབ་གྲྭ་ནང་ ཁང་མིག་༡ ནང་ ཨ་ལོ་༡༢ དེ་ཅིག་ལས་མེདཔ་ད་ ད་རེས་ ཨ་ལོ་༢༦ དེ་ཅིག་ཡོདཔ་ལས་ སྟབས་མ་བདེ་ཁག་ཁ་འདུག་ཟེར་ཨིན་པས།

སློབ་གྲྭའི་བདག་སྐྱོང་ཁ་ཐུག་ལས དུས་ཅི་ སློབ་རིམ་༡༡ པའི་ནང་ འཛུགས་ཞུགས་འབད་མི་ དེ་ཅིག་འོང་ཟེར་ མ་མནོ་རུང་ ནང་རིག་གདམ་ཁ་རྐྱབ་མི་ ལེ་ཤ་ཐོན་ཡོདཔ་ལས་ ཉལ་ཁང་ནང་མ་ཤོང་པའི་ དཀའ་ངལ་དུམ་གྲ་ཅིག་ ཐོན་ཡོདཔ་སྦེ་ཨིན་པས།

ཤེས་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ སློབ་ཚན་སོ་སོར་བཟོ་ནི་དེ་ ཁྱད་ཕན་ལེ་ཤ་ཡོདཔ་ད་ ད་རེས་ འགོ་བཙུགསཔ་ཅིག་ཨིནམ་ལས་ དཀའ་ངལ་དུམ་གྲ་རེ་ འཐོན་ཡོདཔ་ཨིན་རུང་ མ་འོངས་པ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སང་ཕོད་ལས་ ཉལ་ཁང་ནང་མ་ཤོང་པའི་ དཀའ་ངལ་མི་འཐོན་ཟེར་ཨིནམ་ད་ དེ་ཡང་ སློབ་རིམ་༧ པ་དང་༨ པ་གང་རུང་ཅིག་ནང་ འཛུལ་ཞུགས་འབད་མི་ཚུ་ ཤེས་རབ་གླིང་ལུ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ཤུལ་མིའི་ འཆར་ལོ་ནང་ ཉལ་ཁང་གསརཔ་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ལས་ དཀའ་ངལ་བསལ་ཚུགས་ནི་ཨིནམ་ད་ དེ་རེས་ སློབ་གྲྭ་དེ་ནང་ སློབ་རིམ་༧ པ་ལས་༡༢ པ་ཚུན་ སློབ་ཕྲུག་བསྡོམས་༤༢༦ ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *