སློབ་གྲྭ་སྒོ་བསྡམས་མི་གིས་ དབང་པོ་ལུ་ ཐོ་ཕོག་མི་ སློབ་ཕྲུག་ཚུ་ལུ་གདོང་ལེན།

༉ ཤེས་རིག་ལྷན་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ སྐབས་ཀྱི་ གློ་བུར་ཤེས་ཡོན་བརྟག་ཞིབ་སྙན་ཞུ་༢༠༢༡ ཅན་མ་དང་འཁྲིལཝ་ད་ ན་ཧིང་ སློབ་གྲྭ་ཚུ་ སྒོ་བསྡམས་མི་ལུ་བརྟེན་ ལྷན་ཁག་གིས་ སྤྱིར་བཏང་ལམ་སྟོན་ཚུ་ བྱིན་ཡོདཔ་ལས་ དམིགས་བསལ་གྱི་ སློབ་གྲྭ་ཚུ་ལུ་ ཡོངས་འབྲེལ་ཐོག་ ཤེས་ཡོན་སྦྱང་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་བྱུང་ནུག།

དེ་ཡང་ ལྷན་ཁག་གིས་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ཐོག་ལས་ འཕྲོ་མཐུད་ཤེས་ཡོན་སྦྱང་ནིའི་དོན་ལུ་ཨིནམ་ད་ སྤྱི་ལོ་༢༠༢༠ ལུ་ ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་པའི་སྐབས་ སློབ་ཕྲུག་ཚུ་ལུ་ འཕྲོ་མཐུད་ཤེས་ཡོན་བྱིན་ནིའི་དོན་ལས་ ལྷན་ཁག་གིས་ འབྲེལ་མཐུན་དང་ དམིགས་བསལ་རྩ་གཞུང་ཅིག་ བཟོ་ཡོདཔ་ཨིན་པས།

ཨིན་རུང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ བཀྲམ་སྤེལ་འབད་མི་ ལམ་སྟོན་རྩ་གཞུང་གིས་ གཏན་འཇགས་སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་འབད་ནི་ལུ་ བྱ་སྟབས་བདེ་དྲགས་ བྱུང་ཡོད་རུང་ དབང་པོ་སྐྱོན་གྱི་ སློབ་ཕྲུག་ཚུ་ལུ་ ལཱ་ཁག་བཏང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ དམིགས་བསལ་གྱི་ སློབ་གྲྭ་༦༢ ཡོད་མི་ལས་ དབང་པོ་ལུ་ ཐོ་ཕོག་མི་ སློབ་ཕྲུག་བུཚ་༥༡༦ དང་ བུམོ་༣༡༨ བརྩིས་ཏེ་ སློབ་ཕྲུག་༨༣༤ གིས་ གློ་བུར་ཤེས་ཡོན་ཞབས་ཏོག་ ལེན་ཡོདཔ་ད་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཚུ་ཡང་ སྤྱིར་བཏང་སློབ་གྲྭ་དང་ དམིགས་བསལ་ལས་རིམ་གྱི་ སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་ཚུ་ཨིན་པས།

ལྷན་ཁག་གིས་ འབྲེལ་མཐུན་རྩ་གཞུང་དེ་ སློབ་གྲྭ་ཚུ་ སྒོ་བསྡམས་པའི་སྐབས་ བཟོ་བའི་ཤུལ་ལས་ གློ་བུར་ཤེས་ཡོན་གྱི་ གོ་རིམ་༢ པའི་ ཡན་ལག་སྦེ་ བློ་གསར་ལས་ སློབ་རིམ་༡༢ པའི་ནང་ ལག་ལེན་འཐབ་ནིའི་དོན་ལུ་ ན་ཧིང་ སྤྱ་ཟླ་༥ པའི་ཚེས་༡༥ ལུ་ གཙོ་རིམ་རྩ་གཞུང་ཅིག་ བཟོ་ཡོདཔ་ཨིན་པས།

མང་ཤོས་ཅིག་གིས་ འབྲེལ་མཐུན་རྩ་གཞུང་ནང་ ཆོས་ཚན་ག་ར་ ཚུད་དེ་མེད་པའི་སྐོར་ལས་ བསམ་འཆར་བཀོད་དེ་ཡོདཔ་ད་ དམིགས་བསལ་ལས་རིམ་གྱི་ སློབ་གྲྭའི་སློབ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ དམིགས་བསལ་གྱི་ སློབ་ཕྲུག་ཚུ་དང་ ཡོངས་འབྲེལ་ཐོག་ལས་ འབྲེལ་བ་འཐབ་ནིའི་ནང་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་མིན་འདུག་ཟེར་ཨིན་པས།

གློ་བུར་ཤེས་ཡོན་སྐབས་ དབང་པོ་སྐྱོན་ཅན་ཚུ་ལུ་ རྒྱབ་སྐྱོར་བྱིན་ནིའི་དོན་ལས་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་དང་ ལས་རིམ་ཚུ་ བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་ཡོདཔ་ད་ བརྟག་ཞིབ་དེ་ཡང་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ སློབ་གྲྭ་དང་ ཨ་ལོ་ཡར་སྐྱེད་གཅེས་སྐྱོང་གོང་འཕེལ་ལྟེ་བ་ གཞི་རྟེན་ཤེས་ཡོན་ སློབ་དཔོན་ སློབ་གྲྭའི་དབུ་འཛིན་ཚུ་གིས་གཙོས་པའི་ ཕམ་ཚུ་གི་ འཐུས་མི་ཚུ་ ཚུད་དེ་ཡོདཔ་ཨིན་པས།

བརྟག་ཞིབ་སྐབས་ སློབ་དཔོན་ཚུ་གིས་ ཤེས་རིག་ལྷན་ཁག་གིས་བྱིན་མི་ ལམ་སྟོན་དང་འཁྲིལ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དོ་ཡོད་རུང་ སློབ་དཔོན་དང་ སློབ་ཕྲུག་གཉིས་ཆ་ར་ལུ་ བརྡ་དོན་འཕྲུལ་རིག་གི་ རིག་རྩལ་དང་ ཤེས་ཡོན་ལེགས་ཤོམ་མེདཔ་ལས་ ཕན་ནུས་ཅན་གྱི་ཐོག་ལས་ སློབ་སྟོན་དང་ ལྷབ་སྦྱང་འབད་ནི་ལུ་ ཐོ་ཕོག་སྟེ་ཡོདཔ་ མངོན་གསལ་བྱུང་ནུག།

ཡོངས་འབྲེལ་ཐོག་ སློབ་སྟོན་འབད་མི་དེ་གིས་ སློབ་ཕྲུག་རྐྱངམ་གཅིག་མེན་པར་ སློབ་ཕྲུག་འཛིན་སྐྱོང་འབད་ནི་ལུ་ ལཱ་འབད་མི་དང་ ཁྱིམ་ནང་སྡོད་མི་ ཕམ་ཚུ་ལུ་ཡང་ གདོང་ལེན་བྱུང་སྟེ་ཡོད་པའི་ཁར་ རྫོང་ཁ་ཆོས་ཚན་གྱི་ མཁོ་ཆས་ལངམ་མེད་པའི་ ཤེས་རྟོགས་ཡང་བྱུང་ནུག།

བརྟག་ཞིབ་འབད་བའི་སྐབས་ སློབ་ཕྲུག་༡༡༩,༧༧༢ ཀྱིས་ ཤེས་ཡོན་སྦྱང་ནི་གི་ སློབ་ཚན་ཚུ་ མི་སྡེ་བརྡ་བརྒྱུད་རིམ་ལུགས་ ཝཱཊསི་ཨབ་ལ་སོགས་པའི་ཐོག་ལས་ ལག་ལེན་འཐབ་ཡོད་པའི་ཁར་ སློབ་ཕྲུག་༨༨,༡༡༨ ཀྱིས་ རྒྱང་མཐོང་ཊི་བི་དང་ སློབ་ཕྲུག་༦༠,༥༠༧ གྱིས་ གུ་གཱལ་ཐོག་ལས་ ཤེས་ཡོན་སྦྱང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *