ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སློབ་གྲྭ་ལྟེ་བའི་ ཡུན་བརྟན་དང་འདྲ་མཉམ་གྱི་ ཚ་གྱང་ཡོད་ལུགས་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

སློབ་གྲྭ་ལྟེ་བའི་ ཡུན་བརྟན་དང་འདྲ་མཉམ་གྱི་ ཚ་གྱང་གསལ་བཤད་།

༉ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ གཞུང་གིས་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་དང་ རྒྱ་སྐྱེད་སློབ་སྟོན་ཁང་ལ་སོགས་པ་ཚུ་ སྒོ་བསྡམས་ཐོག་ལས་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་མི་དེ་ ཡུན་བརྟན་དང་འདྲ་མཉམ་ ག་དེ་སྦེ་ཡོད་གའི་ ཚ་གྱང་ཡོད་ཟེར་ བཤད་ཅི།
དེ་ཡང་ཁ་ཙ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་དང་ རྫོང་ཁག་གི་འགོ་དཔོན་ དེ་ལས་ མི་སེར་དང་ ཚོང་པ་དང་གཅིག་ཁར་ ཕྱད་པའི་སྐབས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་འོང་མི་དེ་ འདས་པའི་ལོ་༥ འི་རིང་ ལྡོག་ཕྱོགས་ཚོགས་པ་གིས་ ཕྱག་ག་དེ་སྦེ་ ཞུ་ཡོདཔ་ཨིན་ནའི་ སྙན་ཞུ་འབད་བར་ ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་མིའི་ནང་ ལྡོག་ཕྱོགས་ཚོགས་པའི་ འགན་ཁུར་དེ་ གཞུང་གིས་ ཕྱག་ལཱ་མཛད་མི་ཚུ་ལུ་ བཀག་རྐྱབ་ནི་རྐྱངམ་གཅིག་མེན་པར་ གཞུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཕྱག་ཞུ་ནི་དེ་ཨིན་རུང་ རྒྱལ་ཡོངས་དང་ གོང་འཕེལ་ལུ་ ཕན་མི་ཐོགས་ནི་བཟུམ་ཡོད་མི་ སྲིད་བྱུས་ཚུ་ལུ་ བཀག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གཞུང་གིས་ དུས་ཚོད་ཁར་ ཕྱག་ཞུ་ཚུགས་ནིའི་དོན་ལུ་ འཆར་གཞི་དང་ འཆར་དངུལ་དེ་ཚུ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ འཆར་གཞི་དེ་ཚུ་ལུ་ ནམ་ར་འབད་རུང་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ རྒྱབ་སྐྱོར་ཕུལ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་བརྒྱ་ཆ་ལས་ བརྒྱ་ཆ་སྤྲོད་ནི་ཟེར་ ཁས་བླངས་འབད་ཡོདཔ་བཞིན་དུ་ ད་ལྟོའི་གཞུང་དེ་ རྩ་འགྲོལ་འགྱོ་ནིའི་གུ་ལྷོད་རུང་ ལཱ་གཡོག་གི་གནས་སྟངས་དེ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ གསོ་བའི་ཞབས་ཏོག་གི་ སྤུས་ཚད་ཡར་དྲག་གཏང་ནི་དང་ ཌོག་ཊར་ཚུ་ དགོངས་ཞུ་འབད་མི་བཅུག་ནིའི་དོན་ལུ་ དངུལ་ཕོགས་ཡར་སེང་འབད་ཐབས་ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་བསྒྱུར་བཅོས་འབད་ནིའི་ བསམ་འཆར་བཀོད་མི་ལུ་ ལྡོག་ཕྱོགས་ཀྱིས་ རྒྱབ་སྐྱོར་ཕུལ་མ་ཚུགས་ཟེར་ཨིན་པས།
དེ་ཡང་ མ་འོངས་པ་ལུ་ མི་ཚུ་གིས་ ཏི་རུ་སྤྲོད་དགོ་པའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྱོད་མི་ཚུགས་ནི་དང་ རྩ་ཁྲིམས་ཆེན་མོའི་ནང་ གསོ་བའི་ཞབས་ཏོག་ཚུ་ རིན་སྟོང་པར་སྦེ་ བྱིན་དགོ་ཟེར་ཡོདཔ་ད་ ཌོག་ཊར་ཚུ་གི་ དངུལ་ཕོགས་ཡར་སེང་གི་དོན་ལུ་ ལམ་ལུགས་དང་འཁྲིལ་ དངུལ་ཕོགས་ལྷན་ཚོགས་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་མིའི་ནང་ ཤེས་རིག་གི་སྲིད་བྱུས་དེ་ ཀུན་ཁྱབ་སྲིད་བྱུས་ཨིནམ་ལས་ ན་གཞོན་ག་ར་ལུ་ ཤེས་ཡོན་སྤྲོད་དགོཔ་བཞིན་དུ་ གཞུང་གིས་ སློབ་གྲྭ་ལྟེ་བ་ཚུ་ གཞི་བཙུགས་འབད་མི་དེ་ དམིགས་ཡུལ་ལེགས་ཤོམ་ཡོད་རུང་ སློབ་གྲྭ་ལྟེ་བ་དེ་ཚུ་ མ་དངུལ་གུ་ བརྟེན་དགོཔ་ལས་ ཡུན་བརྟན་ཡུན་བརྟན་ག་དེ་སྦེ་ གནས་ཚུགས་ག་ དོགས་པ་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ཡོད་མི་ སློབ་གྲྭ་ཆུང་བ་དང་ རྒྱ་སྐྱེད་སློབ་སྟོན་ཁང་ དེ་ལས་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ལ་སོགས་པ་ཚུ་ སྒོ་བསྡམ་ཞིནམ་ལས་ སློབ་ཕྲུག་ཚུ་ ཤོང་རུང་མ་ཤོང་རུང་ སློབ་གྲྭ་ལྟེ་བ་ཚུ་ནང་ བཙུགས་དོ་ཡོདཔ་མ་ཚད་ སློབ་གྲྭ་ལྟེ་བ་ཚུ་ ཐག་རིང་ནི་དེ་གིས་ ཕམ་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་སྦེ་ འཐབ་ཚུགས་པའི་ གདོང་ལེན་ཚུ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བ་ཚུ་ནང་ དཔེ་ཆ་ལྟ་མི་ སློབ་ཕྲུག་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ སྒྲིག་གོ་ལས་འགོ་བཟུང་ རིན་མེད་སྟོང་པར་སྦེ་ བྱིན་དོ་ཡོདཔ་བཞིན་དུ་ སློབ་གྲྭ་ལྟེ་བ་མེན་པའི་ སློབ་ཕྲུག་ཚུ་ལུ་ ག་ནི་ཡང་མེདཔ་ལས་ འདྲ་མཉམ་ཡང་ མིན་འདུག་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ རྒྱ་གར་དང་ འབྲུག་ བང་ལ་དེཤ་དང་ ནེ་པཱལ་རྒྱལ་ཁབ་ཀྱི་ བི་བི་ཨའི་ཨེན་གྱི་ གན་རྒྱ་དང་ ཚོང་འབྲེལ་གོ་སྐབས་དང་ བརྡ་དོན་ལྟེ་བ་ དེ་ལས་ གྲོང་གསེབ་ཚོང་ལས་གོང་འཕེལ་ལ་སོགས་པ་ཚུ་ལུ་ ག་ཅི་སྦེ་ རྒྱབ་སྐྱོར་ཕུལ་མ་ཚུགསཔ་ཨིན་ན་ཚུ་ཡང་ བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་མིའི་ནང་ གཞུང་གིས་ སློབ་གྲྭ་ལྟེ་བ་དང་ སྣུམ་འཁོར་བོ་ལེ་རོ་ འཕྲུལ་གླང་པ་ཝར་ཊི་ལར་ལ་སོགས་པ་ཚུ་ མཁོ་སྒྲུབ་འབད་ནིའི་ནང་ ཟད་འགྲོ་བཏང་མི་ལུ་བརྟེན་ བུ་ལོན་ཡར་སེང་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ བོ་ལོན་དངུལ་ཀྲམ་ ཐེར་འབུམ་༩༥ དེ་ཅིག་ ཆགས་ཡོད་མི་དེ་ ད་རེས་ དངུལ་ཀྲམ་ཐེར་འབུམ་༢༠༠ དེ་ཅིག་གུ་ ལྷོད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *